༢༠༡༥ ཟླ་ ༧ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོའི་བོད་ཟླ་ ༦ ཚེས་ ༤ སྟེ་ཆོས་འཁོར་དུས་ཆེན་དང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༠ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་དང་འབྲེལ། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སླད་དུ། བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། དབུས་གཙང་ཆོལ་ཁ། ཤངས་དགའ་ལྡན་ཆོས་འཁོར་གླིང། སྟག་ལུང་བཀའ་བརྒྱུད་ཆོས་བརྒྱུད་འཛིན་པ། བོད་ཀྱི་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པ། བལ་ཡུལ་སྤོག་ར་གློ་སྒྲིག་འཛུགས། དབུ་མའི་ལམ་མི་མང་ལས་འགུལ་ཁང་། ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པ་བཅས་ཚོགས་ཁག་བཅུ་གཅིག་ཟླ་སྒྲིལ་གྱིས་ཆོས་འཁོར་དུས་ཆེན་ཁྱད་པར་ཅན་གཟའ་སྐར་དགེ་འཛོམས་ཉིན་བརྟན་བཞུགས་འབུལ་བཞེས་ཡོང་བ་ཞེས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་བཟང་པོ་སྤྱི་སྨིན་ཐོབ་སྟེ། དུས་ཚིགས་ཁྱད་པར་ཅན་གོང་ཚེས་ཉིན་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཐེངས་འདེའི་བརྟན་བཞུགས་མཛད་སྒོའི་ཐོག་བརྟན་བཞུགས་ཀྱི་རྡོ་རྗེའི་སློབ་དཔོན་རྒྱུད་སྨད་གྲྭ་ཚང་གི་མཁན་ཟུར་སྒོ་སོག་རིན་པོ་ཆེ་མཆོག་དང་། སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་མཁན་སྤྲུལ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་། སྲི་ཞུའི་ལས་བྱེད་དང་རྡ་ས་ཁུལ་གྱི་མི་མང་གཙོ་བོར་གྱུར་བའི་ཕྱོགས་མཐའ་ཁག་གི་མི་མང་བཅས་ཁྱོན་མི་གྲངས་ ༦༠༠༠ ཙམ་ཆོས་རའི་ནང་ལྷན་འཛོམས་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ པར་རྒྱུད་སྨད་གྲྭ་ཚང་གི་མཁན་ཟུར་སྒོ་སོག་རིན་པོ་ཆེ་མཆོག་དང་སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ། དེ་བཞིན་གྲྭ་བཙུན་རྣམས་ཀྱིས་སྐུའི་ཚེ་སྒྲུབ་གནང་བ་དང་། སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཁག་གི་འགོ་འཛིན་སོགས་ནས་སྤོས་སྣེ་སྔོན་བསུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་ཐོག་མར་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱིས་གྲྭ་བཙུན་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་ཞུས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟགས་གསལ་གཏོང་མཁན་རྣམས་ལ་བཀའ་སློབ་སྩལ་རྗེས་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གནང་མཛད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱུན་ཆག་གསུམ་པ། ཤེས་རབ་སྙིང་པོ། པཎ་གྲུབ་བཅུ་བདུན་གསོལ་འདེབས། འཁྲུངས་རབ་གསོལ་འདེབས་བཅས་ཀྱི་སྒོ་ནས་ཚེ་བསྒྲུབ་གྲུབ་མཚམས། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་རྒྱ་ཆེ་དང་འབྲེལ་བའི་བྱང་ཆུབ་སེམས་བསྐྱེད།
དེ་བཞིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་གྲུབ་རྗེས། བརྟེན་མཆོག་སྤྱན་སྔའི་དྲུང་དུ་བརྟན་བཞུགས་ཀྱི་རྡོ་རྗེའི་སློབ་དཔོན་རྒྱུད་སྨད་མཁན་ཟུར་སྒོ་སོག་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་སྦྲགས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཚོགས་པ་བཅུ་གཅིག་གི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས། དེ་རྗེས་ཚོགས་པ་ཁག་གི་གོ་སྒྲིག་འོག་གཙུག་ལག་ཁང་གི་ཆོས་རའི་ནང་ཞབས་གཞས་འཁྲབ་སྟོན་དང་། མང་ཚོགས་ལ་ཉིན་གུང་གསོལ་ཚིགས་ཕུལ་བ་བཅས་ཀྱི་དགའ་སྐྱིད་ལྡན་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། །