༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༦ ཉིན་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་པ་མཇུག་སྒྲིལ་གནང་འདུག དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཚོགས་འདུ་མཇུག་བསྡོམས་ཀྱི་མཛད་སྒོར་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྙན་སེང་ཞུས་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ཚང་མས་མཁྱེན་གསལ་རེད། ང་ཚོའི་སྲི་ཞུ་བ་རྙིང་པ་དང་བོད་ནང་ཕྱག་ལས་གནང་མྱོང་མཁན་བཀའ་བློན་ཟུར་པ་ས་འདུ་རིན་ཆེན་དོན་གྲུབ་མཆོག་དགོངས་པ་རྫོགས་པར་བརྟེན། དེ་རིང་ང་ཚོས་གཞུང་འབྲེལ་ཐོག་ནས་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་སྨོན་ལམ་གསུང་འདོན་གནང་བ་རེད། ངས་གཞིས་ཆགས་ཁག་མང་ཆེ་བའི་ནང་ཐེངས་ཁ་ཤས་བཅར་ཟིན་པར་བརྟེན་ས་གནས་འགོ་འཛིན་མང་ཆེ་བས་ང་རྒྱུས་ཡོད་ཆགས་ཡོད། ས་གནས་ཀྱི་གནས་ཚུལ་ཡིན་ནའང་ཕྲན་བུ་ཤེས་ཀྱི་ཡོད། ངས་ད་ལྟ་ལག་པ་བཏང་ཞོར་ལ་ས་གནས་ཁག་ནས་འཆར་གཞི་ཞུས་པ་དེ་དག་ལག་བསྟར་གནང་ཡོད་མེད་སྐད་ཆ་དྲིས་སྐབས་མང་ཆེ་བ་སྒྲུབ་བཞིན་ཡོད་སྐོར་གསུངས་བྱུང་། དེ་བཞིན་ནང་སྲིད་དྲུང་ཆེས་ལས་བསྡོམས་ནང་ལའང་སྤྱི་ཡོངས་ནས་ས་གནས་འགོ་འཛིན་རྣམ་པས་ཕྱག་ལས་ཡག་པོ་གནང་གི་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་སྨིན་གྱི་ཡོད་སྐོར་གསུངས་སོང་། དེར་བརྟེན་རྣམ་པ་ཚོ་ཚང་མར་བསྔགས་བརྗོད་ཞུ་རྒྱུ་ཡིན། ས་གནས་འགོ་འཛིན་གྱི་ལས་དོན་དེ་ལས་སླ་པོ་ཞིག་མེད། དུས་རྟག་ཏུ་ང་ཚོའི་གཞིས་ཆགས་ཁག་ལ་རྣམ་པ་ཚོས་མི་མང་དང་། སློབ་གྲྭ སྨན་ཁང་། དགོན་པ་སོགས་ལ་འགན་འཁུར་གནང་མཁན་ཆགས་ཡོད། རྣམ་པ་ཚོས་སྐུ་ལས་སྐྱོན་གྱི་ཡོད་པ་བཀའ་ཤག་གི་ཐོག་ནས་ཤེས་ཀྱི་ཡོད། རྣམ་པ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཞུས་ཏེ་ས་གནས་ནང་ཕྱག་ལས་གནང་བ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༡༤ ལོར་གཏན་འབེབས་གནང་བའི་བོད་མིར་མཐུན་སྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་སྐོར་གསུང་དོན། ཕྱི་ལོ་ ༢༠༡༤ ལོའི་བོད་མིར་མཐུན་སྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ (Tibetan Rehabilitation Policy Act) འདི་ཧ་ཅང་གལ་ཆེན་པོ་རེད། ཕྱི་ལོ་ ༡༩༨༧ སྐབས་ཀྱི་བཀའ་ཤག་ནས་བཟུང་འབད་བརྩོན་གནང་བ་ཞིག་ཐེངས་འདིར་དངོས་སུ་ཡིག་ཐོག་ནས་གཏན་འབེབས་བྱུང་བ་མ་ཟད། ཡིག་ཐོག་ནང་ལའང་ཆབ་སྲིད་ཀྱི་གནད་འགག་ཡོད། ཡིག་ཆ་དེའི་ནང་གང་འཁོད་ཡོད་ཅེ་ན། བོད་བཙན་བཟུང་བྱས་པ་ནས་བཟུང་། ཞེས་འཁོད་ཡོད། རྒྱ་གར་གཞུང་གི་ཡིག་ཆའི་སྟེང་འདི་ལྟ་བུ་ཞིག་འཁོད་ཡོད་སྟབས་འདི་ཧ་ཅང་གནད་འགག་ཆེན་པོ་རེད། འདི་ལྟ་བུ་ཞིག་དེ་སྔ་ཨ་རི་ལ་ (Tibet Policy Act) ཞེས་པ་ཞིག་ཡོད་པ་མ་གཏོགས་སྲིད་བྱུས་འདི་འདྲ་གཏན་འབེབས་བྱུང་མྱོང་མེད། གཉིས་པ་དེ་རྒྱ་གར་དབུས་གཞུང་ནས་གཏན་འབེབས་གནང་བ་རེད། བོད་བཙན་བཟུང་བྱས་པ་ནས་བཟུང་རྒྱ་གར་ལ་བོད་པ་སྐྱབས་བཅོལ་ལ་འབྱོར་བ་དེ་དག་གི་བདེ་སྡུག་ལྟ་རྒྱུ་དེ་རྒྱ་གར་དབུས་གཞུང་ལ་འགན་འཁྲི་ཡོད་ཅེས་པ་དེ་ཧ་ཅང་གསལ་པོ་འཁོད་ཡོད།
ས་ཆའི་བདག་དབང་མེད་ནའང་ས་ཆ་དེ་དག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁོངས་གཏོགས་དབུས་བོད་མིའི་ངལ་སེལ་ཚོགས་པ་ཡིན་པ། དེའི་ནང་ནས་ས་གནས་འགོ་འཛིན་དེ་དག་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་མི་སྣ་ཆགས་ཡོད། དེར་བརྟེན་སྲིད་བྱུས་འདི་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། སྲིད་བྱུས་འདི་མངའ་སྡེ་སོ་སོར་ཁྱབ་རྗེས་མ་འོངས་པར་གཞིས་ཆགས་ཁག་གི་ས་ཞིང་དང་། ཆུ་ལོག་སོགས་རྐྱེན་ངན་གང་འདྲ་ཞིག་བྱུང་ནའང་དེ་དག་མངའ་སྡེ་གཞུང་ལ་ཞུ་རྒྱུ་དང་། དེ་བཞིན་འགྲོ་ལམ་དང་། གློག ཆུ་སོགས་ཁྱིམ་མཚེས་ཀྱི་གྲོང་གསེབ་དང་མཉམ་འབྲེལ་ཐོག་ནས་རོགས་དངུལ་རག་ཐུབ་ཐབས་བྱེད་རྒྱུར་ཡིག་ཆ་འདིར་གཞི་བཅོལ་ཆོག་གི་ཡོད། ང་ཚོས་སྲིད་བྱུས་འདི་ཁྱབ་བསྒྲགས་བྱས་མེད། འོན་ཀྱང་དེ་ནས་གང་གསལ་པོ་ཆགས་ཀྱི་ཡོད་པ་རེད་ཅེས་བརྗོད་ན། སྔོན་མ་ཡིན་ན་བོད་པ་སུ་རེད་དམ། བོད་པ་སྐྱབས་བཅོལ་བ་དང་། ཕྱི་རྒྱལ་མི་རིགས། ལུང་པ་མེད་མཁན། ཞེས་རྩིས་བཞིན་ཡོད། ད་ཐེངས་ཡིག་ཆ་འདིའི་ནང་བོད་པ་ཚོ་ཡུན་རིང་གནས་ཆོག་པའི་མི་སྣ་ཞིག་ལ་ངོས་འཛིན་ཞུས་ཡོད། དེ་སྔ་ངས་གཞིས་ཆགས་ཁག་གཅིག་གི་ནང་བསྐྱོད་སྐབས་ཡིག་ཆ་འདི་དེ་ཙམ་བརྟན་པོ་མེད་པར་ཡུན་རིང་ལྷག་པ་ཞིག་རེད་འདུག གཞི་རྩའི་༸གོང་ས་མཆོག་སྐུ་འཚོ་བཞུགས་ཐོག་ང་ཚོར་སེམས་ཁྲལ་རྩ་བ་ནས་ཡོང་གི་མེད། འོན་ཀྱང་ང་ཚོར་ཨོ་རི་སའི་གཞིས་ཆགས་ཀྱི་ས་ཞིང་གནས་ཚུལ་ཆགས་སྐབས་ཡིག་ཐོག་ནས་མེད་ན་མ་འོངས་པར་དཀའ་ངལ་འཕྲད་སྲིད་པར་བརྟེན། ང་ཚོའི་ས་གནས་འགོ་འཛིན་རྣམ་པས་ས་གནས་རང་གི་(Tehsildar) ལས་ཁུངས་སུ་ཕྱིན་ཏེ། ཁོང་ཚོའི་ས་ཁྲའི་ནང་བཅུག་ཐུབ་ཐབས་འབད་བརྩོན་བྱེད་མུས་ལྟར། མུ་མཐུད་ནས་ས་ཆ་དེ་དག་ཡིག་ཐོག་ནས་བརྟན་པོ་བཟོ་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།།