ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༡ ཉིན་སིཌ་ཎི་བོད་རིགས་མཐུན་ཚོགས་ནས་གོ་སྒྲིག་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་གྱ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ཤིག་སིཌ་ཎི་བྱང་ཕྱོགས་མཚོ་འགྲམ་དུ་གནས་པའི་གྲགས་ཅན་མན་ལིས་ཝལ་བུ་མོའི་ཉིན་སློབ་ཏུ་ཚོགས་ཡོད།
དེ་ཡང་རྟེན་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་། བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས། མན་ལིས་གྲོང་སྡེ་ལྷན་ཁང་སྤྱི་ཁྱབ་ལྕམ་སྐུ་ Trish O’Grady ལགས། ཝ་རིང་གྷ་གྲོང་སྡེ་ལྷན་ཁང་གི་སྤྱི་ཁྱབ་སྐུ་གཞོན་པ་མཁྱེན་ལྡན་མ་ Cr VanessaMoskal ལགས། ནིའུ་སྭ་ཐའོ་ཝེ་མངའ་ཁུལ་གྱི་ཝི་ཏེ་ནམ་དང་། འབྲུག་པ། རྒྱ་རིགས་མང་གཙོ་དོན་གཉེར་བ། ཨོ་སི་ཊོ་ལི་ཡའི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དབུ་ཁྲིད་བཅས་ཁྱོན་མཐོ་རིམ་སྐུ་མགྲོན་ ༣༢ དང་། བོད་མིའི་སྤྱི་སྒེར་གྱི་གྲོགས་པོ་ཕྱི་རྒྱལ་བ་གྲངས་ ༧༦། དེ་བཞིན་བོད་མི་མང་སྤྱི་ཟུར་དང་གཞུང་ཞབས་ཟུར་པ།བླ་སྤྲུལ་དགེ་བཤེས་གཙོ་བོ་གྱུར་པའི་སེར་སྐྱ་མི་མང་ ༡༠༠༠ བརྒལ་བ་མཛད་སྒོར་ཕེབས་ཞུགས་གནང་སྟེ། དུས་ཆེན་ཁྱད་པར་ཅན་གྱི་དགའ་སྟོན་ལ་རོལ་ཡོད།
སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བླ་སྤྲུལ་དགེ་བཙུན་ཁག་ནས་སྤྱན་རྒྱ་སྤོས་སྣེ་བཅས་བྱིན་རླབས་ཀྱི་མཚན་ཁ་འབར་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་བཞུགས་ཁྲིར་གསོལ་ཏེ་རྒྱུན་ཆགས་གསུམ་པ་ནས་དབུ་བརྩམས་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་བཀྲ་ཤིས་པའི་ཤིས་བརྗོད་ཁག་གསུང་མུར་སྐུ་ཚབ་དོན་གཅོད་ཀྱིས་དབུས་པའི་སྐུ་མགྲོན་རྣམ་པ་དང་།མི་མང་ནས་རིམ་བཞིན་བཞུགས་ཁྲི་རིན་པོ་ཆེའི་དྲུང་དུ་སྐུ་ཕྱག་དང་འབྲེལ་དཀར་གཙང་མཇལ་དར་དང་རྟེན་དོད་འབུལ་བཞིན་པར་མཇལ་ཁ་ཞུས།
དེ་རྗེས་སིཌ་ཎི་རིག་གནས་སྐྱེ་ཚལ་གླིང་གི་སློབ་ཕྲུག་ནས་རྔ་རོལ་དང་བཅས་བོད་དང་ཨོ་སི་ཊོ་ལི་ཡའི་རྒྱལ་གླུ་དང་དྲུག་ཅུའི་དབྱངས་སྙན་དབྱངས་སུ་གྱེར། དེ་ནས་སེཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁོང་གནས་ཚང་ཕུར་བུ་བཀྲ་ཤིས་ལགས་ཀྱིས་༸གོང་ས་མཆོག་གི་སྐུའི་གསང་གསུམ་འཕྲིན་ལས་ལ་བསྟོད་ཕྱག་གིས་སྔོན་བསུས་ཏེ་མཛད་སྒོར་ཕེབས་པའི་སྐུ་མགྲོན་དང་སེར་སྐྱ་མི་མང་ཡོངས་ལ་འཚམས་འདྲི་དང་འབྲེལ་༸སྐུའི་གྱ་སྟོན་གྱི་གནང་སྒོ་ཁག་རང་གཞན་བསོད་ནམས་གསོག་ཅིང་བོད་བསྟན་སྲིད་ཀྱི་མཛེས་རྒྱན་དུ་གྱུར་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་དབྱིན་སྐད་ཐོག་སྒྲོགས་སྦྱང་དང་། གཙོ་བོ་རང་རིགས་སེར་སྐྱ་ཡོངས་ནས་ཁ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་དགྱེས་པའི་མཆོད་སྤྲིན་དུ་བསྟར་བའི་དམ་བཅའ་སྙིང་གི་ནོར་བུའི་དོན་ཚན་རེ་རེ་བཞིན་ལུང་འདྲེན་གནང་སྟེ། དེ་དག་དངོས་སུ་ཉམས་ལེན་ཞུ་རྒྱུ་ནི་བོད་མི་ཞིག་གི་འགན་ཁྲི་ཡིན་པར་མ་ཟད་འདི་ཕྱི་གཉིས་སྨན་དང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་ཡིན་པའི་ཤ་ཚ་ལ་སྙིང་ཉེ་བའི་ཟོལ་མེད་ལམ་སྟོན་དང་། མཇུག་ཏུ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོས་སྣེ་ཁྲིད་འོག་རྒྱུན་ལས་ཐུན་མོང་དང་། དྭང་བླངས་སྲིད་ཞུ་བས་གྱ་སྟོན་མཛད་སྒོ་ངོ་མཚར་ལྡན་པ་ཞིག་གོ་སྒྲིག་ཞུས་པ་གཙོ་བོར་གྱུར་པའི་ཚོགས་པའི་བསྟན་སྲིད་ཀྱི་ལས་དོན་ཁག་ལ་བསྔགས་བརྗོད་གནང་བ་བཅས་ལ་ཕྱི་ནང་མི་མང་ནས་དགའ་བསུ་ཆེན་པོ་ཞུས།
དེ་རྗེས་བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་དང་འབྲེལ་ཏེ་༸གོང་ས་མཆོག་གི་མཛད་ཆེན་གཙོ་བོ་ཁག་མི་མང་ལ་དྲན་སྐུལ་གནང་སྟེ་བཀའ་དྲིན་རྗེས་དྲན་ཞུས། དེ་རྗེས་སིཌ་ཎི་རིག་གནས་སྐྱེ་ཚལ་གླིང་གི་སློབ་ཕྲུག་གཙོ་བོར་གྱུར་པའི་སྤྱི་སྒེར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་ཀྱི་མཛད་འཕྲིན་ཁག་ལ་མངོན་པར་བསྟོད་ཅིང་བཀའ་དྲིན་ལྷག་པར་དྲན་པའི་གསར་རྩོམ་གྱི་ཚིག་བརྗོད་གཏིང་ཟབ་ལ་དབྱངས་དང་སྟངས་སྟབས་ཀྱི་སྒྱུ་རྩལ་བྱང་ཆུབ་པའི་རིག་རྩལ་འཁྲབ་སྟོན་ཁག་དབུ་འཛུགས་དང་། རང་རེའི་མ་འོངས་པའི་སོན་རྩ་ན་ཆུང་བྱིས་པ་ཁྱུ་ཚོགས་ནས་ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་པའི་གླུ་དབྱངས་འབུལ་བཞིན་པར་སྐུ་ཚབ་དོན་གཅོད་ཀྱིས་དབུས་སྐུ་མགྲོན་གཙོ་བོ་ཁག་གིས་ཕྱི་ལུགས་ལྟར་སྐུའི་འཁྲུངས་སྐར་གྱི་དངར་ཟས་བཏུབ་ཅིང་འགྲེམས་སྤེལ་ཞུས།
དེ་ཉིན་བོད་རིགས་མཐུན་ཚོགས་ནས་གསོལ་ཇ་བཞེས་འབྲས་དང་། རོ་བཅུད་ཕུན་སུམ་ཚོགས་པའི་ཞལ་ཏོག་འདྲ་མིན། གསོལ་ཚིགས་ཉིན་འཁྱོངས། རིག་རྩལ་རྣམ་གྲངས་ ༣༨ བཅས་རྣ་བའི་རྒྱན་དང་བཅུད་ཀྱི་རོ་མཆོག་ཏུ་བསྟར་ཅིང་༸སྐུའི་གྱ་སྟོན་ལ་གཏོང་ཕོད་ཆེན་པོས་མཐུན་འགྱུར་གནང་མཁན་རྣམས་ལ་ལེགས་གསོ་གནང་སྟེ་ཕྱི་དྲོའི་ཆུ་ཚོད་དྲུག་པར་དངོས་གཞིའི་མཛད་སྒོ་གྲུབ་ཡང་། ད་དུང་དགའ་སྟོན་ལ་ངོམས་པ་མེད་པར་མཚན་གྱི་ཆུ་ཚོད་བཅུ་གཉིས་ཉེ་བའི་བར་རོལ་དབྱངས་དང་སྒོར་གཞས་སོགས་དུས་སྟོན་གྱིས་དུས་འདའ་བར་བྱས།
ད་ལོའི་སྐུའི་འཁྲུངས་སྐར་གྱི་དུས་སྟོན་ཐོག་བོད་རིགས་མཐུན་ཚོགས་ནས་མཆོད་རྫས་རྣམ་མང་གོ་སྒྲིག་དང་། ༸གོང་ས་མཆོག་གི་བཀྲིན་རྗེས་དྲན་གྱི་གསར་རྩོམ་རིག་རྩལ་འཁྲབ་སྟོན་མང་བ། ༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་སོགས་ཀྱི་ཡིག་ཆ་གོ་སྒྲིག སྐུ་མགྲོན་གདན་ཞུ་དོན་དང་ལྡན་པ། ཚོགས་རར་རང་ལུགས་དར་མཚོན་གྱི་བཀོད་པ་ཕུན་སུམ་ཚོགས་པ། མི་མང་འདུ་འཛོམས་ཆེ་བ། དམ་ཚིག་ལ་རྒྱའི་མཛའ་མཐུན་ལྷག་པར་བཟང་བ་སོགས་མདོར་ན་སིཌ་ཎི་བོད་རིགས་མཐུན་ཚོགས་དབུ་བརྙེས་ཚུན་ད་རེས་ནི། ཆོས་ཕྱོགས་ནས་རང་རིགས་རྣམས་དམ་ཚིག་མདུད་རྒྱ་གཅིག་དང་། སྲིད་ཕྱོགས་ནས་མཛའ་མཐུན་ཆིག་སྒྲིལ་ལ་ཕྱི་མིས་ཡིད་སྨོན་ཆེ་ཤོས་ཐོབ་པའི་སྐལ་བཟང་དུས་བཟང་དུས་སྟོན་ཞིག་ཏུ་གྱུར་པ་ཡོངས་ཁྱབ་དུ་ངོས་འཛིན་ཐོབ་བཞིན་ཡོད་པ་བཅས། །