ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་ས་འདུ་རིན་ཆེན་དོན་གྲུབ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༤ ཉིན་གྱི་སྡ་དྲོ་ཆུ་ཚོད་ ༩།༢༠ ཐོག་དགོངས་པ་རྫོགས་པའི་ཡོད་སྐྱོའི་གནས་ཚུལ་བཀའ་ཤག་ཏུ་སྙན་སེང་དང་སྦྲགས་གསན་ཐོས་བྱུང་བར་ཐུགས་ཕམ་དང་བཅས་དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བ་ནས་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་ཆེད། ཕྱི་ཚེས་ ༡༦ ཉིན་གྱི་སྡ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་སྨོན་ལམ་གསུང་འདོན་གནང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ནས་དབུས་ལས་ཁུངས་ཁག་གི་ལས་མཚམས་བཞག་ཡོད།
དམ་པ་ཁོང་ནི། མདོ་སྟོད་ཏྲེ་ཧོར་དར་རྒྱས་དགོན་གྱི་ཚོང་རིགས་གྲགས་ཅན་ས་འདུ་ཚང་གི་སྲས་སུ་འཁྲུངས། དགུང་ལོ་ཆུང་དུས་སུ་ལྷ་ས་དང་རྡོ་རྗེ་གླིང་སིན་འཇོ་སེབ་སློབ་གྲྭར་སློབ་གཉེར་གནང་ནས་གཞི་རིམ་སློབ་གྲྭའི་ཕྱག་འཁྱེར་བཞེས། ར་སྒྲེང་ཟིང་འཁྲུགས་རྗེས་ས་འདུ་ཚང་གི་བུ་བརྒྱུད་ནས་གཞུང་ཞབས་ཞུས་འཐུས་བཀའ་འཁྲོལ་ལྟར། ཕྱི་ལོ་ ༡༩༤༩ ལོར་རྩིས་ཞུགས་དང་འབྲེལ་ཞབས་སྡོད་ཕྱག་འབུལ་ཞུས་པ་དང་ཆབས་ཅིག་བོད་གཞུང་ཕྱི་རྒྱལ་ལས་ཁུངས་ཀྱི་ལས་བྱ་བསྐོ་གཞག་སྩལ་བ་བཞིན། ཕྱི་ལོ་ ༡༩༥༧ བར་ལྷན་ཁང་དེར་ཕྱག་ལས་གནང་། ཕྱི་ལོ་ ༡༩༥༠ ལོར་རྒྱ་དམར་གུང་ཁྲན་དཔུང་དམག་བོད་དུ་བཙན་འཛུལ་བྱུང་བར་བརྟེན་ཁྱིམ་མཚེས་གལ་གནད་ཆེ་ཤོས་རྒྱ་གར་གཞུང་ལ་གང་ཅིའི་གནས་ལུགས་གསལ་ཞུ་དང་། ཞི་དྲག་གི་རོགས་རམ་འབོད་བསྐུལ་བཀའ་མོལ་གནང་བར་ཕྱི་རྒྱལ་དོ་དམ་ཛ་སག་ཟུར་ཁང་པ་རྒྱ་གར་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱི་ལས་བྱ་དང་། གསུང་བསྒྱུར་ཆབས་ཅིག་ཏུ་བསྐོ་སྩལ་ལྟར་བཅར་གནང་མཛད། ཕྱི་ལོ་ ༡༩༥༡ ལོར་ཛ་སག་ཁེ་སྨད་བསོད་ནམས་དབང་འདུས་དང་། མཁན་དྲུང་ལྷའུ་རྟ་ར་གཉིས་པེ་ཅིང་དུ་ཞི་ཆིངས་བཀའ་མོལ་གནང་བར་ཆེད་ཕེབས་སྐབས་རྒྱ་གར་གཞུང་ལ་བཀའ་བསྡུར་གནང་བར་ཆེད་ཕེབས་ཀྱི་གསུང་བསྒྱུར་དུ་བསྐོ་སྩལ་ལྟར་བཅར་གནང་མཛད། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་པེ་ཅིང་དུ་ཆིབས་སྒྱུར་སྐབས་ཕེབས་བསྒྲིགས་སྤྱི་ཁྱབ་པའི་ལས་བྱར་བསྐོ་སྩལ་ལྟར་ཕེབས། ཕྱི་ལོ་ ༡༩༥༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་སྟོན་པ་སངས་རྒྱས་ཀྱི་འདས་ལོ་ ༢༥༠༠ འཁོར་བའི་དུས་དྲན་ཚོགས་ཆེན་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་སྐབས་གསུང་བསྒྱུར་ལ་བཅར་གནང་། ཕྱི་ལོ་ ༡༩༥༧ ལོར་རྒྱ་དམར་ནས་སྐུ་ངོ་མཆོག་ལ་སྐྱོན་འཛུགས་བྱས་པ་ངོས་ལེན་མ་གནང་མཐར་བཀའ་ཤག་བཀའ་དགོངས་འགྲིམ་འགྲུལ་དོ་དམ་དུ་འཕོས་ལེན་སྩལ་ནས་ལོ་གཉིས་རིང་ཕྱག་ལས་གནང་མུས་སུ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས། ཟླ་བ་གསུམ་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་༸ཞབས་འཁོད་དེ་མ་སུ་རིར་ཆིབས་སྒྱུར་གྱི་བཞུགས་སྒར་མཛད་་སྐབས་བཀའ་དགོངས་གསུང་བསྒྱུར་ཞབས་ཞུ་དང་། སྐུ་སྒེར་ཡིག་ཚང་དུ་ཨིན་དྲུང་གི་ཞབས་ཞུ་གནང་།
ཕྱི་ལོ་ ༡༩༥༩ ཟླ་ ༩ དང་། ཕྱི་ལོ་ ༡༩༦༠ དང་ ༡༩༦༢ སོ་སོར་ཐེངས་གསུམ་འཛམ་གླིང་རྒྱལ་ཚོགས་ལ་བོད་དོན་བདེ་སྡུག་དང་། བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་ལུགས་སོགས་ཞུ་བར་ཕེབས་མིའི་གྲས་སུ་ཡོད། གཞན་ཡང་ཕྱི་ལོ་ ༡༩༥༩ དང་ ༡༩༦༠ གཉིས་ལ་རྒྱལ་སྤྱིའི་ཁྲིམས་དཔོན་ཚོགས་པས་བོད་རང་དབང་ཅན་གྱི་རྒྱལ་ཁབ་ལ་རྒྱ་དམར་གུང་ཁྲན་ནས་བཙན་འཛུལ་དང་། བོད་མིའི་ཆོས་དང་རིག་གཞུང་། མི་རིགས་བཅས་ཙ་མེད་བཟོས་དང་བཟོ་བཞིན་པའི་ཁུངས་སྐྱེལ་ཡིག་དེབ་གཉིས་སྔ་རྗེས་སུ་སྟོན་པའི་ཡིག་ཆ་གོ་སྒྲིག་གནང་སྐབས་རྒྱ་གར་ཁྲིམས་དཔོན་མཁས་པ་ཀྲི་ཀམ་རྡ་སི་འདས་པོའི་ཕྱག་རོགས་གནང་། ཕྱི་ལོ་ ༡༩༦༡ ནས་ ༡༩༦༣ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་མང་གཙོའི་རྩ་ཁྲིམས་གསར་དུ་བསྐྲུན་པའི་ལས་དོན་དབུ་འཛུགས་ནས་གཏན་འབེབས་མ་གནང་བར་ཁྲིམས་དོན་མཁས་པ་ཀྲི་ཀམ་རྡ་སི་དང་ལྷན་དུ་ལས་འཁུར་གནང་བ་དང་། རྗེས་སུ་རྩ་ཁྲིམས་མ་ཟིན་ལམ་རོབ་གཏན་འབེབས་གནང་བ་རྒྱ་གར་མཁས་པ་ཁག་ལ་བཀའ་བསྡུར་དང་། དེ་རྗེས་རང་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ངག་དབང་དོན་གྲུབ་ལགས་དང་ལྷན་རྩ་ཁྲིམས་རིན་པོ་ཆེ་བོད་ཡིག་ཐོག་ཕབ་བསྒྱུར་གནང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ནས་ ༡༩༦༣ ཟླ་ ༤ བར་རྒྱུན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བསྒྱུར་དང་། སྐུ་སྒེར་ཡིག་ཚང་དུ་ཨིན་ཡིག་གི་ཕྱག་ལས་གནང་། དེ་ནས་ཕྱི་ལོ་ ༡༩༦༤ ཟླ་ ༨ བར་ལྡི་ལི་དོན་གཅོད་ཁང་དུ་ཕྱག་ལས་གནང་།
ཕྱི་ལོ་ ༡༩༦༤ ལོ་མཇུག་ནས་ཀ་ཏར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡིད་ཆེས་མ་རྩའི་རྒྱུན་ལས་འགན་འཛིན་བསྐོ་གཞག་སྩལ་བ་བཀའ་དགོངས་ལྟར་ཕྱི་ལོ་ ༡༩༧༨ བར་ཕྱག་ལས་གནང་རིང་དགེ་བདེ་ལྕགས་མདོང་བཟོ་གྲའི་འགན་འཛིན་ཚ་རོང་ལ་ཕྱག་རོགས་གནང་བ་དང་། ཚ་རོང་དགོངས་ཞུ་རྗེས་འགན་འཁུར་རྐང་ལེན་གནང་། ཕྱི་ལོ་ ༡༩༦༨ ཟླ་ ༩ ནང་ཉི་ཧོང་ནང་པའི་ཆོས་ཚོགས་ནས་བོད་ཀྱི་ཆོས་དང་། རིག་གཞུང་འགྲེམས་སྟོན་དབུ་ཁྲིད་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་ཆིབས་སྒྱུར་སྐབས་གསུང་བསྒྱུར་དང་། ཨིན་དྲུང་ཞབས་ཞུར་བཅར། ཡང་ལོ་དེའི་ཕྱི་ཟླ་ ༡༡ ནང་ཐའི་ལེནཌ་ནང་པའི་ཆོས་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་ཆིབས་སྒྱུར་སྐབས་གསུང་བསྒྱུར་དང་ཨིན་དྲུང་ཞབས་ཞུར་བཅར། ཕྱི་ལོ་ ༡༩༧༣།༡༩༧༤ ལོར་སེ་ཧོར་ཤོག་བཟོ་ཁུངས་མ་འཁྱོལ་བའི་གནས་སུ་བསྡད་པའི་མ་དངུལ་རྣམས་ཕྱིར་སོན་རེ་བ་རྩ་བྲལ་སྐབས་སུ་སྐུ་ངོ་མཆོག་གིས་ཐབས་ཤེས་ཀྱིས་མཐར་མ་དངུལ་ངོ་བསྐྱེད་རྣམས་ཕྱིར་སོན་ཐུབ་པ་བྱུང་། ཕྱི་ལོ་ ༡༩༧༦ ལོར་ཨམ་སྦར་སར་ཡོད་ཨོ་སི་ཨེམ་ཀམ་པ་ནི་དང་བཀའ་མོལ་གནང་སྟེ་ཨམ་སྦར་སར་དཔལ་འབྱོར་ལས་ཁུངས་ཀྱི་བལ་སྤུན་ཚོང་ལས་ཡན་ལག་དེ་དག་བཙུགས། ཕྱི་ལོ་ ༡༩༧༧ ཟླ་ ༧ ནང་འབྲུག་གི་དཀའ་ངལ་སྐོར་བཀའ་མོལ་ཞུ་བར་ནང་སྲིད་དང་། དྲིལ་བསྒྲགས་བཀའ་བློན་གཉིས་ཀྱི་ཕྱག་རོགས་སུ་ཕེབས། འདི་སྐོར་འབྲུག་ཏུ་སྔ་རྗེས་ཐེངས་གསུམ་ཕེབས། ཕྱི་ལོ་ ༡༩༧༥ ནས་ ༡༩༧༨ བར་ཞོར་དུ་བོད་རིགས་གཞོན་ནུ་ཚོ་ཀ་ཏར་ཨིན་དྲུང་སློབ་གཉེར་བྱ་མཁན་རྣམས་ལ་འགོ་འཚོ་སློབ་སྟོན་གནང་། ཕྱི་ལོ་ ༡༩༧༨ ཟླ་ ༣ ཚེས་ ༡༨ ཉིན་བཀའ་བློན་གྱི་གསར་མཇལ་དམ་འབུལ་ཐོག་ཕྱི་ཟླ་ ༥ ཚེས་ ༡༥ ནས་ཕྱི་ལོ་ ༡༩༨༠ ཟླ་ ༩ ཚེས་ ༡༤ བར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་མཛད་འཁུར་བཞེས། དེ་རྗེས་ཕྱག་ལས་དགོངས་ཞུ་གནང་བ་ལྟར་དགོངས་འཁྲོལ་གྱིས་རཇ་སྤུར་དུ་བཞུགས་མུས་སུ་གོང་ཚེས་ཉིན་དགོངས་རྫོགས་ཀྱི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག