༢༠༡༥ ཟླ་ ༧ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད། རྒྱ་ནག་གཞུང་གིས་སྲོག་ཁྲིམས་ནས་ཚེ་བཙོན་གྱི་ཉེ་ཆད་ཕོག་པ་བོད་མི་རྣམས་ཀྱིས་ཆེ་མཐོང་དང་དད་གུས་ཆེན་པོ་ཞུ་ཡུལ་གྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཕྱི་ཚེས་ ༡༢ རེས་གཟའ་ཉི་མའི་ཉིན་བཙོན་ཁང་ནང་སྐུ་གཤེགས་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སེམས་གསོ་ཧ་ཅང་གནང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་ཆབ་སྲིད་བཙོན་པའི་ཉེ་ཆད་ཕོག་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག བཙོན་ཁང་ནང་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཤེས་རྟོགས་བྱུང་བར་ང་ཚོ་བློ་ཕམ་ཧ་ཅང་བྱུང་། ང་ཚོས་རིན་པོ་ཆེ་མཆོག་གི་ནང་མི་འཁོར་བཅས་རྣམས་དང་རྒྱབ་སྐྱོར་གནང་མཁན་རྣམས་ལ་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེའི་སེམས་གསོ་ཞུ་རྒྱུ་ཡིན། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བྱས་པ་མ་ཟད། ཉེ་ལམ་ཁོང་གི་སྐུའི་འཕྲོད་བཞེས་ལ་གཞིགས་ནས་དམིགས་བསལ་ཐོག་རྒྱ་ནག་གཞུང་ལ་ཁོང་གློད་བཀྲོལ་བྱེད་དགོས་པའི་རེ་འདུན་བཏོན་ཡོད། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གྲོངས་ལུགས་གང་འདྲ་ཡིན་མིན་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་ནས་མང་ཚོགས་ལ་ཡོངས་གྲགས་གསལ་བཤད་བྱ་རྒྱུར་ང་ཚོས་རེ་བ་ཞུ་རྒྱུ་མ་ཟད། རིན་པོ་ཆེ་མཆོག་གི་སྐུ་ཕུང་ཁོང་གི་ནང་མི་སྤུན་མཆེད་དང་། ཡང་ན་ཁོང་གི་དགོན་པར་རྩིས་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་ཞུ་རྒྱུ་ཡིན། དེ་འདྲ་བྱུང་ཚེ་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལྟར་ཤིན་པོར་ཕྱག་མཆོད་ཚུལ་ལྡན་ཞིག་གནང་རྒྱུར་ཕན་ཐོགས་ཡོང་ངེས། ཞེས་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཇོན་ཀིར་བྷེ་ John Kirby མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་འདུག