ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །མེའོ་ཆོས་འཕེལ་གླིང་གི་ས་གནས་འགོ་འཛིན་དྲུང་གཞོན་འཇིགས་མེད་ཚེ་བརྟན་ལགས་རྒྱུན་རིང་ནད་མནར་གྱིས་སྨན་བཅོས་གང་ནུས་བྱས་ཀྱང་ཕན་བསྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ལྡི་ལིར་གྷང་གྷ་རམ་ Sir Ganga Ram hospital སྨན་ཁང་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བཀའ་ཤག་ཏུ་སྙན་སེང་དང་སྦྲགས་གསན་ཐོས་བྱུང་བར་ཐུགས་ཕམ་དང་བཅས་དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བ་ནས་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་ཆེད། ཕྱི་ཚེས་ ༡༣ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་བསོད་ནམས་བསྟན་འཛིན་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་སྨོན་ལམ་གསུང་འདོན་གནང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཕྱེད་ཡོལ་ཆུ་ཚོད་ ༤ ནས་དབུས་ལས་ཁུངས་ཁག་སྒོ་བརྒྱབ་ཡོད།
དམ་པ་ཁོང་ནི་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་ལས་དྲུང་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་གསར་བསྐོ་གནང་། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༣ ཉིན་ཀུམ་རའོ་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་དུ་བསྐོ་གཞག ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡༤ ནས་ལས་ངོར་བསྐོ་གཞག ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ ནས་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༢ ནས་ལས་དོར་གནས་སྤར། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ དྲུང་གཞོན་གནས་རིམ་དུ་ཡིག་རྒྱུགས་བཏང་། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༣ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༤ ནས་དྲུང་གཞོན་ངོ་མར་བསྐོ་གཞག ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༠ ནས་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་དུ་གནས་སྤོས།