༢༠༡༥ ཟླ་ ༥ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་ནང་མང་གཙོ་ཚོགས་པའི་འཐུས་མི་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་སླད། བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་ཞུ་བ་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ངོས་རང་འདིར་ལང་དགོས་དོན་ནི། བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ལ་རྒྱབ་སྐྱོར་ཞུ་ཆེད་དང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུ་ཆེད་ཡིན། ཁོང་གི་བྱམས་བརྩེའི་ལམ་སྟོན་འོག་བོད་མི་དང་ཨ་རི་བ། དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་ཕན་རླབས་ཧ་ཅང་བྱུང་ཆེན་པོ་ཡོད། དེར་བརྟེན་ཁོང་ནི་རྒྱལ་སྤྱིའི་སྟེང་གཟེངས་སུ་ཐོན་པའི་མི་སྣ་གྲགས་ཅན་ཞིག་ཡིན། བྱམས་སེམས་ཅན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁོང་ནི་ཕྱི་སྲིད་ལས་དོན་ཐོག་མཁྱེན་རྒྱ་ཧ་ཅང་ཡངས་ཤིང་འཚེ་མེད་ཞི་བའི་ལྟ་བར་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན་པ་དང་། བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱལ་ཁབ་འདྲ་མིན་དང་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་རྣམས་ཀྱིས་གུས་འདུད་ཆེན་པོ་ཞུ་བཞིན་ཡོད། སྤྱིར་ཁོང་གིས་རང་ཉིད་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན། ཞེས་བཀའ་སློབ་ཕེབས་བཞིན་ཡོད་ཀྱང་ཨ་རིའི་ཡུལ་འདིར་མཚོན་ན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཨ་རིའི་སྲིད་འཛིན་དང་མི་མང་གཉིས་ཀར་སེམས་འགུལ་ཤུགས་ཆེ་གཏོང་གནང་མཛད་ཡོད། ཨ་རིའི་སྲིད་འཛིན་རྣམས་ཀྱིས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གུས་བཀུར་ཆེན་པོ་ཞུས་པ་མ་ཟད།
ལྷག་པར་དེ་སྔའི་ཨ་རིའི་སྲིད་འཛིན་སྐུ་གཤེགས་ཕེ་རེངྐ་ལིན་རུ་སེ་ཝེལ་ཌི་ Franklin Roosevelt མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་གཞོན་ནུའི་སྐབས་འཁྲུངས་སྐར་ཕྱག་རྟགས་སུ་ཕྱག་ཚོད་གཅིག་དང་ཟླ་བ་འཕེལ་གྲིབ་འགྲོ་ཚུལ་གྱི་པར་རིག་ཤིག་ཕུལ་ཡོད། ཕྱག་རྟགས་དེ་འདྲ་ཞིག་ཕུལ་བ་དེ་ད་ལྟ་བསམ་བློ་གཏོང་སྐབས་སྲིད་འཛིན་ཁོང་ལ་སྔོན་ཤེས་ཡོད་པ་ལྟ་བུ་རེད། གང་ཡིན་བརྗོད་ན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁོ་ན་མིན་པར་ཚན་རིག་སོགས་ལའང་ཐུགས་དགོངས་ཡངས་པོས་གཟིགས་མཁན་ཞིག་ཡིན། བོད་མི་ནང་པ་ཚོས་ཁོང་ནི་སངས་རྒྱས་མིའི་ཤ་ཚུགས་སུ་བྱོན་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཆོས་ཁས་ལེན་མཁན་མི་གྲངས་ས་ཡ་མང་པོ་ཞིག་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་རིག་པའི་འབྱུང་གནས་ཞིག་དང་བྱམས་བརྩེའི་མཚོན་དོན་ཞིག་ཀྱང་ཆགས་ཡོད། གཞོན་སྐྱེས་ཚོར་འཛམ་གླིང་གི་མདུན་ལམ་བཟང་དུ་གཏོང་གནང་མཛད་མཁན་ལམ་སྟོན་པ་ཞིག་ཀྱང་ཡིན། ངའི་ཕྱག་འབྲེལ་ཤིག་གིས་གོང་དུ་གསུངས་པ་ལྟར། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་བོད་ཀྱི་༸སྐྱབས་མགོན་བླ་མ་མཆོག་དང་མཇལ་འཕྲད་ཞུ་ཡི་མེད། དེ་ནི་རྒྱ་ནག་འགོ་ཁྲིད་ཚོས་ཁོང་དང་མཇལ་འཕྲད་ཞུ་རྒྱུའི་གདེང་སྤོབས་མེད་པ་དང་། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཞིག་ལ་བརྩིས་ནས་ཉེན་ཁར་ལྟ་བཞིན་ཡོད་པ་དེར་གཞི་རྩ་གང་ཡང་མེད། ཁོ་པ་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རང་བཙན་རྩོད་མཁན་རེད། ཅེས་སྨྱོན་འཛུགས་བྱེད་བཞིན་ཡོད་ཀྱང་། ཁོང་གིས་ལོ་ངོ་བཅུ་ཕྲག་འགའི་སྔོན་ནས་བོད་རང་བཙན་མ་རྩོད་པར་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གདུག་རྩུབ་ཆེན་པོས་དམ་བསྒྲགས་བྱས་ཡོད་པ་མ་ཟད། རྒྱ་ནག་དམར་གཞུང་གིས་དུས་ད་ལྟའང་བོད་མིར་དྲག་གནོན་བྱེད་བཞིན་པ་དང་། བོད་ཀྱི་༸གོང་ས་ཏཱ་ལའི་བློ་མ་མཆོག་ལ་གཞི་མེད་སྐྱོན་འཛུགས་ཀྱི་འཁྱོག་བཤད་དྲིལ་བསྒྲགས་དང་ལོག་བཤད་ཧ་ཅང་ཤུགས་ཆེ་བྱེད་མུས་ཡིན་སྟབས། ང་ཚོས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངེས་པར་དུ་སྐྱོན་བརྗོད་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་འདུག