༢༠༡༥ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུང་སྐར་དུས་ཆེན་དང་བསྟུན། ཨ་རིའི་གྲོས་ཚོགས་གོང་མའི་ཀེ་ནི་ཌི་ཀེ་ཀོས་རུམ་ Kennedy Caucus Room ནང་༼ཨ་མི་རི་ཁ་དང་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག ༽ཅེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྤྱི་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་འབྲེལ་ལམ་གྱི་སྐུ་པར་ཁག་གཅིག་འགྲེམས་སྟོན་གནང་འདུག ཐེངས་འདིའི་སྐུ་པར་འགྲེམས་སྟོན་དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
དེ་ཡང་འགྲེམས་སྟོན་དབུ་འབྱེད་ཀྱི་ཐོག་མར་དགེ་འདུན་པ་ཁག་གཅིག་གིས་སྨོན་ལམ་གསུངས་འདོན་གནང་ཞིང་། འགྲེམས་སྟོན་མཛད་སྒོར་བཅར་བའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ཏེ་འགྲེམས་སྟོན་དབུ་འབྱེད་གནང་འགོ་བརྩམས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་དང་སྐུའི་ཚ་མོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་འགྲེམས་སྟོན་གྱི་ངོ་སྤྲོད་གསུང་བཤད་གནང་། སྐབས་དེར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཊོམ་ལེན་ཊོ་སི་ Tom Lantos དམ་པ་དེའི་སྲས་མོ་ཀར་ཊི་ན་ལན་ཊོ་སི་ཝིཊ་ Katrina Lantos Sweet ལགས་ཀྱིས། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ཕེབས་པ་ནི་དངོས་གནས་གལ་ཆེ་ཡིན་ལུགས་དང་། འདི་ལོ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དེ་ཡང་བོད་དོན་ལ་རྒྱབ་སྐྱོར་ཞུ་མཁན་མི་མང་ཚོས་མཉམ་རུབ་ཐོག་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་དེ་ཧ་ཅང་གི་ཡག་པོ་ཡིན་པ་མ་ཟད། སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་གང་ཉིད་མཆོག་ལ་ཆེད་བསྟོད་ཀྱི་འགྲེམས་སྟོན་དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པ། སྲིད་འཛིན་ཀེ་ནི་ཌི་ Kennedy ཡི་མཚན་ཐོག་ནས་བཏགས་པའི་མཛེས་སྡུག་ལྡན་པའི་ཚོགས་ཁང་འདིའི་ནང་འཚོགས་པ་དེ་འོས་ཤིང་འཚམ་པ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་ནས་ཨ་རིའི་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཀཱལ་གྷི་རིཤི་མན་ Carl Gershman,President, National Endowment for Democracy (NED)སོགས་ཆེས་མཐོའི་མི་སྣ་ཁག་ནས་གསུང་བཤད་རིམ་བཞིན་གནང་ཡོད།
སྐུ་པར་འགྲེམས་སྟོན་དེ་བཞིན་ཕྱི་ཚེས་ ༡༠ བར་གནང་འཆར་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་དབར་གྱི་འབྲེལ་ལམ་ནི་དམིགས་བསལ་ཅན་ཞིག་དང་། རྒྱུན་རིང་གི་འབྲེལ་ལམ་ཞིག་ཡིན་ཞིང་ཐོག་མར་ཕྱི་ལོ་ ༡༩༤༢ ལོར་ཨ་རིའི་སྲིད་འཛིན་ Franklin Roosevelt མཆོག་གིས་གསང་བའི་བང་ཆེན་གཉིས་བོད་ལ་བཏང་ནས་༸གོང་ས་མཆོག་ལ་ཕྱག་ཡིག་དང་། གསེར་གྱི་ཕྱག་ཚོད་ཅིག་ཕྱག་རྟགས་སུ་ཕུལ་བ་དང་། ཕྱི་ལོ་ ༡༩༧༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་སྒྱུར་ཐེངས་དང་པོ་བསྐྱངས་སྐབས་༸གོང་ས་མཆོག་གིས་ཨ་རིའི་མང་གཙོ་དང་རང་དབང་གི་ལམ་ལུགས་ལ་ཡིད་སྨོན་ཧ་ཅང་ཆེན་པོ་མཛད་ཀྱི་ཡོད་སྐོར་བཀའ་སློབ་ཕེབས་གནང་མཛད་ཡོད། དེ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་སྒྱུར་ལན་མང་བསྐྱངས་གནང་མཛད་པ་དང་། ཕྱི་ལོ་ ༢༠༠༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་སྙན་གྲགས་ཆེ་བའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ་བཅས། །