༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༠ ཉིན་ཛུ་རིཀ་གྲོང་ཁྱེར་ (Zurich City) གྱི་མུན་ས་ཊར་ཧོཕ་ (Munsterhof) ས་གནས་སུ་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་གཅིག་ལྕོགས་ལོ་རེ་སི་ཝི་ལ་མཆོག་དང་། བློན་ཆེན་ཟུར་པ་ལྕམ་སྐུ་ཁོབ། དེ་བཞིན་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་གཅིག་ལྕོགས་མ་རི་ཡའོ་ཕེལ་མཆོག་གིས་གཙོས་མང་ཚོགས་ ༨༠༠༠ བརྒལ་བ་འདུ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེའི་རྣམ་པ་གསལ་སྟོན་བྱས་ཡོད།
སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོའི་གནད་དོན་ཐད་གདུང་སེམས་མཉམ་སྐྱེ་གནང་བ་དེ་རྒྱ་ནག་གཞུང་ལ་བོད་དོན་ཐོག་དྲན་སྐུལ་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཆགས་ཀྱི་འདུག ངོས་ཀྱིས་བསྔགས་བརྗོད་ཡོད། རྒྱ་ནག་གཞུང་གིས་བོད་པའི་དངོས་ཡོད་དཀའ་ངལ་དེ་གསལ་སྟོན་བྱེད་དགོས་ཀྱི་རེད། རྒྱ་ནག་གཞུང་གིས་བོད་མི་ཚོར་དྲག་ཤུགས་དང་བཙན་གནོན་ཇི་ཙམ་བྱས་ཀྱང་བོད་ཀྱི་གནད་དོན་དེ་རྩ་བརླག་ཏུ་འགྲོ་གི་མ་རེད། ཅེས་བཀའ་སློབ་ཕེབས་ཡོད།དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་དོན། སུད་སི་མི་མང་ནས་བོད་དོན་ལ་གདུང་སེམས་མཉམ་སྐྱེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་སུད་སིར་བོད་མི་འབྱོར་ཏེ་མི་ལོ་ ༥༠ འཁོར་བའི་རིང་སུད་སི་གཞུང་མང་གཉིས་ནས་གང་ཅིའི་ཐད་ཐུགས་ཁུར་ཆེ་བཞེས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། དེ་མིན་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཡིག་ཆ་ཁག་གི་ནང་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་འུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་པ་ནས་བཟུང་བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་བ་རེད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད། གལ་ཏེ་དེ་ལྟར་ཡིན་ཚེ་རྒྱ་བཟའ་ཀོང་ཇོ་ཆོས་རྒྱལ་གྱི་ཁབ་ཏུ་མ་བཞེས་གོང་བལ་བཟའ་ཆོས་རྒྱལ་གྱིས་ཁབ་ཏུ་བཞེས་པས་བོད་དེ་བཞིན་བལ་ཡུལ་གྱི་ཆ་ཤས་ཀྱང་ཡིན་དགོས་ངེས། འོན་ཀྱང་འདས་པའི་ལོ་རྒྱུས་རྒྱུ་མཚན་དུ་འདྲེན་ཏེ་བོད་རང་བཙན་རྩོད་ལེན་གནང་གི་མེད། འདས་པ་ལས་མ་འོངས་པ་གལ་ཆེ་ཡིན་དུས་མིང་དོན་མཚུངས་པའི་བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་ལེན་གནང་བཞིན་ཡོད་ཅེས་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་མཛད་ཁུར་གཙོ་བོ་གསུམ་གྱི་ཁོངས་ནས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ་གཏོང་རྒྱུའི་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། གདུང་སེམས་མཉམ་སྐྱེའི་འདུ་འཛོམས་དེའི་ཐོག་མང་ཚོགས་ལ་གོང་གསལ་གནད་དོན་གཉིས་ཀྱི་ཐོག་བསམ་བློ་གཏོང་རྒྱུ་དང་དེ་དག་གོང་སྤེལ་གཏོང་དགོས་པའི་འབོད་སྐུལ་ཡང་མཛད་ཡོད།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གལ་ཏེ་ཁྱེད་ཚོས་དེ་ལྟར་བྱས་པ་ཡིན་ན། ཏཱ་ལའི་བླ་མའི་གྲོགས་པོ་ཡག་ཤོས་ཡིན་པ་མཚོན་གྱི་རེད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད། དེ་རྗེས་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་གཅིག་ལྕོགས་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་དེ་རྟག་ཏུ་ནོར་འཁྲུལ་ཁོ་ནའི་ཕྱོགས་སུ་འགྲོ་གི་འདུག དེར་ང་ཚོ་སེམས་འཚབ་ཆེན་པོ་ཡོད། གལ་ཏེ་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་སྟེང་མཚན་མཐོང་ཆེན་པོ་དགོས་ཀྱི་ཡོད་ན། བོད་དོན་ཐོག་དྲང་བདེན་གནང་དགོས་པའི་བསྐུལ་མ་ཞུས་ཀྱི་ཡོད་ཅེས་གསུངས། དེ་རྗེས་བློན་ཆེན་ཟུར་པ་ལྕམ་སྐུ་ཁོབ་མཆོག་གིས་གསུང་དོན། བོད་དོན་འཐབ་རྩོད་འདི་བཞིན་རང་རྒྱལ་གཞན་ཕམ་མིན་པར་མི་རིགས་གཅིག་གི་ངོ་བོ་འཚོ་གནས་ཐུབ་མིན་ལ་ཐུག་པའི་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་དུས་བདེན་རྒྱབ་མ་ཞུས་ན་ག་ནས་འགྲིག དེ་བཞིན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སུད་སིར་༸ཞབས་སོར་འཁོད་སྐབས་ང་ཚོའི་གཞུང་ནས་དུས་ཚོད་ཁོམ་གྱི་མི་འདུག་ཅེས་སྣེ་ལེན་ཕེབས་བསུ་ཞུ་མ་ཐུབ་པ་དེར་དགོངས་སེལ་ཞུ་གི་ཡིན་ཞེས་གསུངས་ཡོད།།