༢༠༡༥ ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༧ ཉིན་སྡེ་ར་སྡུན་བདེ་སྐྱིད་གླིང་གཞིས་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་བརྒྱད་ཅུ་ཧྲིལ་པོར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་མུ་མཐུད་སྲུང་བརྩི་ཞུས་འདུག དེ་ཡང་གོང་ཚེས་ཉིན་སྡེ་ར་སྡུན་མངའ་ཁུལ་གྱི་བོད་རིགས་སེར་སྐྱ་སྤྱི་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་འདུ་འཛོམས་ཀྱི་མཛད་སྒོའི་ཐོག་མར་བདེ་གླིང་ཚོགས་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་བཞུགས་ཁྲིའི་སྟེང་གདན་འདྲེན་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གི་འཁྲུངས་སྐར་རྟེན་འབྲེལ་གྱི་ཞལ་ཟས་མཆོད་འབུལ་ཞུས་པ་དང་། མང་ཚོགས་ལ་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ་བ་དང་། དེ་རྗེས་སམ་བྷོ་ཊ་སློབ་གྲྭས་གོ་སྒྲིག་འོག་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་། སྔ་དྲོའི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས་ཉིན་རྒྱབ་མང་ཚོགས་ལ་སྐུའི་གྱ་སྟོན་གྱི་གསོལ་ཚིགས་ཕུལ་བ་དང་། བོད་ཀྱི་ཡུལ་ལུང་སོ་སོའི་གཞས་སྣ་འཁྲབ་སྟོན་འདྲ་མིན་ཁག་གཅིག་དང་། རྩེད་རིགས་སྣ་མང་རྩེས་པ་སོགས་དགའ་སེམས་ཁོལ་བའི་ངང་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་མུ་མཐུད་ཞུ་བཞིན་ཡོད་འདུག །