༢༠༡༥ ཟླ་ ༧ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༥ ཉིན་རང་ལོ་ ༨༠ ཡིན་པའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧེན་སི་ཌེ་བྷེལ་ Mr. Hans Deibel ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཚེ་འདས་དམ་པ་ཁོང་ནི་འདས་པའི་ལོ་ངོ་ ༡༦ ལྷག་རིང་སུད་སིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོགས་པོ་ Verein TIBETFREUNDE ཚོགས་པའི་འཛིན་སྐྱོང་འགན་འཛིན་དང་དྲ་རྒྱ་དོ་དམ་པ་གནང་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གདུང་སེམས་མཉམ་སྐྱེའི་གསལབསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ནང་སྲིད་ལས་ཁུངས་ཀྱི་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་ང་ཚོས་སྐུ་ཞབས་ཧེན་སི་ཌེ་བྷེལ་ལགས་འདས་གྲོངས་སུ་གྱུར་བར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་ཞེས་ཞུ་རྒྱུ་མ་ཟད། དམ་པ་ཁོང་གི་ཤུལ་ལུས་ནང་མི་སྤུན་མཆེད་དང་། གྲོགས་པོ་གྲོགས་མོ། དེ་བཞིན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་རྣམས་ལ་གསབ་ཏུ་མེད་པའི་གྱོང་གུན་ཆེན་པོ་ཞིག་ཕོག་པར་ང་ཚོས་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་དང་སྦྲགས་སེམས་གསོ་ཞུ་རྒྱུ་ཡིན།
དམ་པ་ཁོང་ནི་བཙན་བྱོལ་བོད་མི་མང་པོ་ཞིག་གི་མི་ཚེའི་ནང་རེ་བའི་འོད་སྣང་སྦྱིན་མཁན་ཞིག་ཆགས་ཡོད་པ་དང་། དམ་པ་ཁོང་གིས་འདས་པའི་ལོ་ངོ་ ༢༠ རིང་བོད་མིའི་སྤྱི་ཚོགས་ནང་རོགས་རམ་རྒྱབ་སྐྱོར་གནང་བ་ཙམ་མ་ཟད། གཞན་ལའང་བོད་དོན་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་འབྲས་སུ་བོད་དོན་རྒྱབ་སྐྱོར་བ་ཇེ་མང་དུ་ཕྱིན་ཡོད། དེར་བརྟེན་ང་ཚོས་དམ་པ་ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་ཆེད་བློས་གཏོང་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།
སུད་སིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོགས་པོ་ཚོགས་པ་ནི་བཙན་བྱོལ་བོད་མིའི་སློབ་ཕྲུག་དང་དགེ་བཙུན། དེ་བཞིན་བོད་མི་བགྲེས་སོང་རྣམས་ལ་མཐུན་འགྱུར་རོགས་རམ་ཆེད་ཞལ་འདེབས་འཚོལ་སྒྲུབ་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པ་ལས་ཚོང་གི་སྒྲིག་འཛུགས་ཤིག་མིན།།