༢༠༡༥ ཟླ་ ༧ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་སི་ཊར་སི་བྷག་ Strasbourg ཏུ་ཡུ་རོབ་གྲོས་ཚོགས་ལྷན་འཛོམས་ཐོག་ཨི་སི་ཏོ་ནི་ཡའི་ Estonia གྲོས་ཚོགས་འཐུས་མི་སྐུ་ཞབས་ཏུན་ནེ་ཀེ་ལམ་ Mr. Tunne Kelam མཆོག་གིས་འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུས་པ་དང་སྦྲགས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་སྐོར་གསུངས་དོན། དེ་རིང་ང་ཚོས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར། ཁོང་གིས་ད་བར་ཆེ་མཐོང་ལྡན་ཞིང་ཐུགས་བརྩོན་ཆེན་པོས་བོད་མིའི་ཆོས་དང་རིག་གཞུང་གི་ངོ་བོ་གཅེས་འཛིན་མཛད་པ་དེར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གྱི་རྣམ་པ་འདོན་རྒྱུའི་དུས་ཚོད་ཞིག་ཡིན། ཞེས་གསུངས་པ་དང་སྦྲགས། ༸གོང་ས་མཆོག་གི་འཚེ་མེད་ཞི་བ་དང་བྱམས་བརྩེའི་བཀའ་སློབ་མཛད་པ་དེ་དག་དྲན་གསོ་གནང་སྟེ། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་གསོན་པོར་གནས་རྒྱུར་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་རེ་འདུན་བཏོན་པ་མ་ཟད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྐུའི་འཁྲུངས་སྐར་ཉིན་ཕྱག་རྟགས་ཡག་ཤོས་ནི་ཡུ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ཕེ་ཌེ་རི་ཀ་མོ་གྷེ་རི་ནི་ Mrs. Federica Mogherini མཆོག་གིས་གཙོས་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་མི་སྣ་ཚང་མས་གོ་སྐབས་ནམ་བྱུང་སྐབས་རྒྱ་ནག་གཞུང་ལ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་དགོས་པ་དང་། བོད་མི་ཚོའི་གནའ་བོའི་ཐུན་མིན་རིག་གཞུང་ལ་བརྩི་བཀུར་ཐོག་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར་ཞུ་དགོས་པའི་རེ་འདུན་འདོན་རྒྱུ་འདི་རེད། ཅེས་གསུངས།
གསུང་བཤད་གནང་སྐབས་ཁོང་གི་ཕྱག་ཏུ་༸གོང་ས་མཆོག་གི་སྐུ་པར་ཞིག་འཁྱེར་ཡོད། སྤྱིར་ཁོང་ནི་དེ་སྔ་ཨི་སི་ཏོ་ནི་ཡ་དམར་ཤོག་རིང་ལུགས་ཀྱི་དབང་བསྒྱུར་འོག་ཡོད་སྐབས་རང་བཙན་འཐབ་རྩོད་པའི་མི་སྣ་གཙོ་གྲས་ཤིག་ཡིན་འདུག་པ་དང་། ད་ལྟའི་ལས་འགན་ནི་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་ཡིན་འདུག དེ་ཡང་སི་ཊར་སི་བྷག་ཏུ་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་སླད། མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་མཛད་འགན་གཙོ་བོ་གསུམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་གོ་སྒྲིག་གནང་འདུག ཕྱོགས་མཚུངས་དེ་སྔ་༸གོང་ས་མཆོག་ཡུ་རོབ་གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱངས་སྐབས་ཀྱི་སྐུ་པར་ཁག་གཅིག་ཀྱང་ཡོད་འདུག