༢༠༡༥ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཐེ་ཝན་ནང་མཆོད་འབུལ་སྨོན་ལམ་དང་སྐུ་པར་འགྲེམས་སྟོན། རོལ་དབྱངས་འདུ་འཛོམས། ཤེས་ཡོན་བྱ་དགའ་སོགས་ཕུལ་བའི་སྒོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༠ ཐམ་པར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐེ་ཝན་ནང་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༥ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག ༸སྐུའི་གྱ་སྟོན་སྲུང་བརྩིའི་མཛད་སྒོར་ཐེ་ཝན་དུ་གནས་སྡོད་བོད་རིགས་ཀྱིས་གཙོས་བོད་བརྒྱུད་ནང་བསྟན་དང་རྒྱའི་ཆོས་ཚོགས་བཅས་ཀྱི་ཚོགས་མི་བཅས་ཁྱོན་མི་གྲངས་ ༦༠༠ ཙམ་
འདུ་འཛོམས་ཐོག སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་མཛད་སྒོར་གསུང་བཤད་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་གནད་དོན་དེ་དུས་ད་ལྟའང་མུ་མཐུད་གསོན་པོར་གནས་ཐུབ་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་ཤ་ཚ་དང་དོ་སྣང་ཆེན་པོས་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཁོང་གིས་ཐེ་ཝན་མི་མང་སྤྱི་དང་ལྷག་པར་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་རྣམས་ཀྱི་ད་བར་བོད་ཀྱི་སྐུ་ཚབ་དོན་གཅོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
སྤྱིར་ཕྱི་ཚེས་ ༤ ཉིན་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་ཐོག བོད་པའི་ཆོས་ཚོགས་ཀྱི་ཚོགས་མི་དང་བོད་པའི་དགེ་འདུན་པ་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་འདུ་འཛོམས་ཐོག ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་སྨོན་ལམ་གསུང་འདོན་གནང་འདུག སྐབས་དེར་རྫོགས་ཆེན་མགོན་པོ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་ཉིན་མོར་བཀའ་དྲིན་རྗེས་དྲན་ཞུ་སླད་ལྗགས་རྩོམ་གནང་བའི་ངའི་རྩ་བའི་བླ་མ་ཞེས་པའི་གླུ་གཞས་དེ་བཞིན་ཐེ་ཝན་གྱི་གཞས་མ་ཧེ་ལེན་ལགས་ཀྱིས་བཏང་འདུག
༸སྐུའི་གྱ་སྟོན་སྲུང་བརྩིའི་ལས་རིམ་ཁོངས་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་དབུ་འཛུགས་གནང་སྟེ་བརྙན་འཕྲིན་བརྒྱུད་ནས་༸གོང་ས་མཆོག་གི་བླང་དོར་བཀའ་སློབ་ཀྱི་ལས་རིམ་དང་ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་ནང་རྟེན་གཞི་བྱས་པའི་མི་མང་ཚོགས་ཁང་ ནང་ཉིན་གྲངས་བཞིའི་རིང་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སྐོར་གྱི་ངོ་སྤྲོད་སོགས་འགྲེམས་སྟོན་གྱི་ལམ་ནས་གོ་སྒྲིག་ཞུས་པ་དེ་དག་མཇུག་སྒྲིལ་གནང་འདུག