༢༠༡༠ ཟླ་ ༨ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་སེར་བྱེས་མཁན་སྙན་གྲྭ་ཚང་གི་སྐབས་ ༡༥ དབུ་ཕར་གཞུང་ལུགས་བསླབ་པ་མཐར་སོན་པ་དང་། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་དབུ་བརྙེས་ནས་ལོ་ ༥༠ འཁོར་བ། ༸གོང་ས་མཆོག་དགུང་གྲངས་ ༧༥ ཕེབས་པའི་ཁྱད་འཕགས་དུས་ཆེན་དེ་བཞིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཚོགས་པ་དང་སྟབས་བསྟུན་རྟེན་འབྲེལ་མཛད་སྒོ་ཚོགས་ཡོད།
དེ་ཉིན་དགོང་དྲོ་ཆུ་ཚོད་ ༦ ཐོག་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་མཆོག་གི་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བྱང་བརྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གི་དབུས་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་རྣམ་པ། སེར་བྱེས་སྨད་གཉིས་ཀྱི་མཁན་པོ་ལས་ཟུར་རྣམ་པ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཚོགས་བཅར་རྣམ་པ། ས་གནས་འགོ་འཛིན་རྣམ་པ། དགེ་འདུན་འདུས་མང་གཙོས་མི་གྲངས་ ༣༥༠༠ བརྒལ་བ་ལྷན་འཛོམས་ཐོག་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་བཞུགས་ཁྲིར་མངའ་གསོལ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་སྣང་གསལ་ཞལ་ཕྱེ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་ཕུལ། དེ་ནས་སེར་བྱེས་མཁན་པོ་བློ་བཟང་དཔལ་ལྡན་རིན་པོ་ཆེ་མཆོག་གིས་དུས་དྲན་ངོ་སྤྲོད་གནང་གྲུབ་བསྟུན་དཔེ་ཁྲིད་དགེ་རྒན་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱིས་བསླབ་པ་མཐར་སོན་སློབ་གཉེར་རྣམས་ཀྱི་མཚན་སྒྲོགས་སྦྱང་དང་། སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་བསླབ་པ་མཐར་སོན་སློབ་གཉེར་བ་དང་པོའི་དང་པོ་ཧར་གདོང་ཁང་ཚན་གྱི་དགེ་འདུན་བཟོད་པ་ལགས་ཀྱི་གཙོས་སློབ་གཉེར་བ་ ༡༦༦ ལ་ཕྱག་འཁྱེར་གནང་བ་དང་། དེ་རྗེས་སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་སྤྱི་རིན་ཆེན་ཚེ་རིང་ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་རྒྱུགས་སྤྲོད་ནང་དང་། རྒྱ་ཡིག་དང་ཚན་རིག་སྡེ་ཚན་ནང་གི་གཟེངས་ཐོན་སློབ་ཕྲུག་རྣམས་ཀྱི་མཚན་སྒྲོགས་སྦྱང་དང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་ལེགས་སྐྱེས་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། ཙན་བྱོལ་བོད་གཞུང་དང་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ཕྱི་ལོ་ ༡༩༥༩ ནས་བོད་མི་བཙན་བྱོལ་བ་རྒྱ་གར་དུ་འབྱོར་པ་ནས་སྦག་ས་ཆོས་སྒར་སྐབས་ཀྱི་ཟས་གོས་གནས་མལ་དང་འཚོ་བའི་མཐུན་རྐྱེན། འདས་པའི་ལོ་རྒྱུས་ལ་བསམ་གཞིགས་བྱས་ན་སེམས་སྐྱོ་དགོས་པ་དང་། ད་ལྟའི་འཕོ་འགྱུར་ལ་བལྟས་ན་དགའ་བ་སྐྱེས་དགོས་པ་བྱུང་ཡོད། ཅེས་དང་ཡང་ཁོང་གིས་གསུང་གསལ། དབུ་མ་དང་ཕར་ཕྱིན་སློབ་སྦྱོང་བྱེད་པའི་དགོས་དམིགས་ཐུགས་ལ་ངེས་པ་གནང་སྟེ་ནང་པ་སངས་རྒྱས་པའི་གནད་ཀྱི་སྙིང་པོ་ཆགས་པའི་གཞུང་ཚད་ལྡན་བསླབ་པ་མཐར་སོན་ཕྱག་འཁྱེར་བཞེས་པ་དང་། ལྷག་པར་དུ་འགྲོ་བ་ལྷ་དང་བཅས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སེ་ར་མགོན་དུ་༸ཞབས་སོར་ཡང་ཡང་འཁོད་དེ་གནད་དོན་མང་པོའི་ཐོག་བཀའ་སློབ་རབ་དང་རིམ་པ་ཕེབས་དང་ཕེབས་མུས་ཡིན། དེར་བརྟེན་འཛམ་གླིང་འདིའི་ནང་དེང་དུས་དང་མཐུན་པའི་ནང་པ་ཞིག་བྱ་རྒྱུར་འབད་བརྩོན་དང་ཐུགས་སྣང་གནང་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་མཚམས་ཁྲིམས་བདག་དགེ་བསྐོས་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་བ་དང་དེ་རྗེས་སྐུ་མགྲོན་དང་ཚོགས་བཅར་རྣམས་ལ་གསོལ་སྟོན་བཤམས་གནང་བ་བཅས་ཀྱི་གནས་བསྡུས་སུ།