༢༠༡༥ ཟླ་ ༧ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ལྡི་ལིར་གནས་སྡོད་བོད་མི། དེ་བཞིན་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་བཅས་མཉམ་འབྲེལ་ཐོག་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པ་དང་། གང་ཉིད་མཆོག་གིས་འགྲོ་བ་ཀུན་ལ་བྱམས་བརྩེའི་ལམ་སྟོན་མཛད་པ་སོགས་བཀའ་དྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རྣམས་རྗེས་དྲན་ཞུ་སླད། གོང་ཚེས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སོགས་འགྲེམས་སྟོན་གྱི་ལས་འགུལ་སྤེལ་འགོ་བཙུགས་འདུག
སྐུ་པར་འགྲེམས་སྟོན་ནང་༸གོང་ས་མཆོག་གི་སྐུའི་མཛད་རྣམ་དང་ལྷག་པར་མགོན་པོ་གང་ཉིད་མཆོག་གི་སྐུའི་རླབས་ཆེན་གྱི་ཐུགས་བསྐྱེད་མཛད་ཁུར་གསུམ་དང་འབྲེལ་བའི་སྐུ་ཐང་ ༡༥ ཡོད་པ་མ་ཟད། ༸རྒྱལ་དབང་སྐུ་གོང་མའི་སྐུ་ཐང་དྲིལ་ཤོག་ ༨༠ ཡོད་འདུག དེ་ཡང་འགྲེམས་སྟོན་དབུ་འབྱེད་ཉིན་ཐོག་མར་དགེ་བཙུན་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་ཡོང་བའི་གསོལ་འདེབས་སྨོན་ལམ་གསུང་འདོན་གནང་། དེ་རྗེས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་འགྲེམས་སྟོན་ངོ་སྤྲོད་དང་འབྲེལ་བའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་གནང་། ཐེངས་འདིའི་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་ཆེད་ཕེབས་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་མཁས་དབང་ཀ་པི་ལ་ཝཏསྱ་ཡན་ Dr. Kapila Vatsyayan མཆོག་གིས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་སྦྲགས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་འདིའི་ཐོག་བཀའ་དྲིན་ཆེན་པོ་ཡིན་སྐོར་གྱི་གསུང་བཤད་གནང་། དེ་བཞིན་གནད་ཡོད་མི་སྣ་རྒྱ་གར་རིག་གཞུང་དང་འབྲེལ་ལམ་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེན་མོ་ལོ་ཀེཤ་ཅནྡྲ་ Prof. Lokesh Chandra ལགས། ཟུར་གསལ་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་ར་ཝི་ཐཱ་ཀུར་ Ravi Thakur ལགས་དང་། གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲི་ཨེན་ཤ་ནུ་ T. N. Shanoo ལགས། སྤྱི་ཁྱབ་དམག་དཔོན་ཝི་ནོ་དི་སི་གྷལ་ Vinod Saighal ལགས། ལྡི་ལི་བོད་ཁང་གི་དབུ་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས། གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཝ་ཇ་ཧ་ཏི་ཧ་བི་བུ་ལ་ Wajahat Habibullah ལགས་བཅས་ལྷན་འཛོམས་གནང་འདུག ཐེངས་འདིའི་སྐུ་པར་འགྲེམས་སྟོན་ནང་མཉམ་ཞུགས་གནང་མཁན་ཕྱི་མི་ལྟ་སྐོར་བ་མང་པོ་ཞིག་གིས་སྐུ་པར་འགྲེམས་སྟོན་དེ་ཧ་ཅང་ཡག་པོ་ཡོད་ལུགས་སོགས་ཀྱི་བསྔགས་བརྗོད་ཤུགས་ཆེ་ཐོབ་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་གསར་ཤོག་གྲགས་གྲས་མང་པོས་གནས་ཚུལ་སྤེལ་ཡོད་པ་མ་ཟད། སྐུ་པར་འགྲེམས་སྟོན་དང་སྦྲགས། ༸གོང་ས་མཆོག་གི་སྐུ་ཚེའི་མཛད་རྗེས་ལ་ཆེ་བསྟོད་ཞུས་འདུག སྐུ་པར་འགྲེམས་སྟོན་དེ་ཕྱི་ཟླ་ ༧ ཚེས་ ༧ བར་འགྲེམས་སྟོན་ཞུ་འཆར་ཡོད་འདུག
ཐེངས་འདིའི་འགྲེམས་སྟོན་གྱི་ལས་འཆར་ཙམ་མིན་པར་ཕྱི་ཟླ་ ༧ ཚེས་ ༤ ཉིན་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ནང་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་བསྐྲུན་པའི་སྐོར་བགྲོ་གླེང་གླེང་སྟེགས་ཀྱི་ལས་རིམ་ཞིག་གནང་རྒྱུ་དང་། ལས་རིམ་གླེང་སྟེགས་དེའི་ནང་མི་སྣ་གྲགས་ཅན་སྐུ་ཞབས་ཤིབ་ཤངྐར་མི་ནོན་ Shivshankar Menon ལགས་དང་། སྐུ་ཞབས་ཤཱམ་ས་རན་ Shyam Saran ལགས། སྐུ་ཞབས་ལ་ལི་ཏི་མན་སིངྒ་ Lalit Mansingh ལགས། སྐུ་ཞབས་ཨ་རུན་ཤོ་རི་དང་ Arun Shourie ལགས། དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་བཅས་ལྷན་ཞུགས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༥ ཉིན་རྒྱ་གར་བ་དང་བོད་མི་གྲངས་ ༡༠༠༠ ཙམ་མཉམ་ཞུགས་ཐོག་རཱཇ་གྷཌ་ Rajghat ནས་མཁར་དམར་པོའི་ Red Fort བར་ཞི་བའི་གོམ་འགྲོས་གནང་རྒྱུ་ཡིན་འདུག་པ་མ་ཟད། ཕྱི་ཚེས་ ༦ ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་དང་སྦྲགས་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུ་ཡིན་འདུག་པ་བཅས། །