༢༠༡༥ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་ George W. Bush མཆོག་གིས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣༠ ཉིན་ཨིན་ཡུལ་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཨ་རིའི་ལྷོ་ཕྱོགས་ཀྱི་མངའ་སྡེ་ཊེཀ་ས་སིའི་ Texas ནང་ཕྱི་ཟླ་ ༧ ཚེས་ ༡ ཉིན་༸ཞབས་སོར་འཁོད་འདུག དེ་ཡང་གོང་ཚེས་ཉིན་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་མཆོག་དང་ཁོང་གི་བཟའ་ཟླ་ལྕམ་སྐུ་ལོ་ར་བྷུ་ཤི་ Laura Bush རྣམ་གཉིས་དང་ལྷན་མཇལ་འཕྲད་མཛད་རྒྱུ་དང་། དེ་རྗེས་བྷུ་ཤི་བསྟི་གནས་ཁང་གི་ (Bush Center) དཔེ་མཛོད་ཁང་དུ་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག ཉིན་དགུང་༸གོང་ས་མཆོག་གིས་བྷུ་ཤི་བསྟི་གནས་ཁང་དང་འབྲེལ་བ་ཡོད་པའི་མཐོ་སློབ་ཨེ་སི་ཨེམ་ཡུ་ (southern methodist university) ཞེས་པ་དེར་བགྲོ་གླེང་ལྷན་ཚོགས་ནང་ལྷན་ཞུགས་མཛད་རྒྱུ་དང་། བགྲོ་གླེང་གཙོ་སྐྱོང་གནང་མཁན་ནི་སྐུ་ཞབས་ཀུ་ཀི་རོ་བྷར་ཊི་ Cookie Robertsལགས་ཡིན་འདུག ཐེངས་འདིར་ཨ་རིའི་སྲིད་འཛིན་ཟུར་པ་མཆོག་གིས་༸གོང་ས་མཆོག་འདི་ལོར་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་སླད་གསོལ་ཚིགས་གཟབ་རྒྱས་ཤིག་འདེགས་འབུལ་ཞུ་རྒྱུ་ཡིན་འདུག སྐབས་དེར་གནད་ཡོད་མི་སྣ་བརྒྱ་ལྷག་ཙམ་ཕེབས་རྒྱུ་ཡིན་འདུག དེ་ནས་ཕྱི་ཟླ་ ༧ ཚེས་ ༥།༧ བར་༸གོང་ས་མཆོག་གིས་གོ་ལའི་བྱམས་བརྩེའི་ཉམས་ལེན་སྐོར་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༩ ནས་ ༡༠ བར་༸གོང་ས་མཆོག་གིས་སློབ་དཔོན་ཀརྨ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་མའི་བཀའ་ཆོས་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག