༢༠༡༥ ཟླ་ ༦ ཚེས་ ༣༠ རེ་གཟའ་མིག་དམར།
༄༅། །༸གོང་ས་མཆོག་གིས་ཨིན་ཡུལ་གྱི་གྲོང་ཁྱེར་ལ་ཌར་ཤོཊ་ནང་དུ་ཨིན་ཡུལ་བལ་པོ་ནང་པའི་མཐུན་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣༠ ཉིན་ཆིབས་སྒྱུར་བསྐྱངས་ནས་བཀྲ་ཤིས་མདོ་སྔགས་ཆོས་གླིང་། ཞེས་པ་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་འདུག དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་ཨིན་ཇིའི་གསར་འགྱུར་ལས་ཁང་གྲགས་ཅན་བྷི་བྷི་སིའི་གསར་ལས་ཁང་གི་དགོང་དྲོའི་དམིགས་བསལ་ལས་རིམ་ཚན་པ་ BBC’s Newsnight programme ཞེས་པར་བུད་མེད་གསར་འགོད་པ་ཨེ་མི་ལི་མེ་ཏི་ལི་སི་ Emily Maitlis ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚེའི་ནང་སྐུ་ངལ་ཆེ་ཤོས་ག་དུས་བྱུང་གནང་ཡོད་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་མཛད་སྐབས། དེ་སྔ་ཕྱི་ལོ་ ༡༩༥༠།༡༩༥༡ རྗེས་བོད་དུ་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་པ་དང་། དེ་སྔའི་རྒྱ་ནག་གུང་ཁྲན་ཏང་ཡོན་ཚོས་མི་དམངས་ཀྱི་བདེ་དོན་ཁོ་ན་དོན་གཉེར་བྱེད་མཁན་ཡིན་ཡང་། ཕྱིས་སུ་དབང་ཆས་བཟི་ནས་ཀུན་སློང་ལ་ལྷད་ཞུགས་པ་ལྟ་བུ་ཆགས་ཡོད་པ་དང་། ལྷག་པར་མགོན་པོ་གང་ཉིད་མཆོག་རྒྱ་ནག་ཏུ་ཕྱི་ལོ་ ༡༩༥༤།༡༩༥༦ ལོར་ཆིབས་སྒྱུར་བསྐྱངས་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་མའོ་ཙེ་ཏུང་གིས་གཙོས་རྒྱ་ནག་འགོ་ཁྲིད་ཚོ་དང་མཇལ་འཕྲད་མཛད་རྗེས་སླར་བོད་དུ་ཆིབས་ཞལ་བསྒྱུར་སྐབས། ཐོག་མའི་ཐུགས་དགོངས་སུ་ཐེ་ཚོམ་ཡོད་པ་རྣམས་སེལ་ནས་བོད་ནང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ཐུགས་རེ་གསར་པ་ཞིག་འཁྲུངས་ཡོད་སྐོར་དང་། མའོ་ཙེ་ཏུང་གིས་དེ་སྔ་བོད་དེ་རྒྱ་ནག་དང་ཐ་དད་ཀྱི་ཕྱིའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ཕྱིས་སུ་འགྱུར་བ་ཕྱིན་ནས་ཉམས་ཞིབ་པ་འགའ་རེས་ཕྱི་ལོ་ ༡༩༥༦ ནས་ཕྱི་ལོ་ ༡༩༥༩ བར་བོད་མི་འབུམ་གསུམ་ཙམ་རྒྱ་ནག་གུང་ཁྲན་ཏང་གིས་དམར་གསོད་བཏང་ཡོད་སྐོར་ཚོད་དཔག་བྱེད་བཞིན་ཡོད་སྐོར་དང་། ཕྱི་ལོ་ ༡༩༥༡ ནས་ཕྱི་ལོ་ ༡༩༥༩ བར་ལོ་དགུའི་རིང་བོད་ནང་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་ཆགས་ཡོད་སྐོར། དེང་སྐབས་རྒྱ་ནག་གི་དཔོན་རིགས་མཁྲེགས་འཛིན་པ་ཚོས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག
་སོགས་ཀྱི་རིན་ཐང་ལ་ཁྱད་གསོད་བྱས་ནས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་བཀའ་ལན་སྩལ།
དེ་རྗེས་གསར་འགོད་པས་༸གོང་ས་མཆོག་དེང་སྐབས་འཛམ་གླིང་ས་ཕྱོགས་གང་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་ཀྱང་དོལ་རྒྱལ་རྗེས་འབྲང་པས་གཞི་མེད་ངོ་རྒོལ་རྔམ་སྟོན་བྱེད་བཞིན་པ་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱིས་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་བཀག་སྡོམ་གང་ཡང་བྱས་མེད་པ་ནི་ཁྱེད་ཚོས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ནས་བལྟས་ན་ཤེས་རྒྱུ་རེད། ཁོ་པ་ཚོར་རྒྱ་གར་ལྷོ་ཕྱོགས་སུ་དགོན་པ་ཡོད། དོལ་རྒྱལ་སྐོར་གྱི་རྙོག་གྲ་དེ་ལོ་ངོ་ ༤༠༠ ཙམ་ཕྱིན་པའི་རྙོག་གྲ་ཞིག་ཆགས་ཡོད། སྐུ་མདུན་སྐུ་གོང་མ་ཞིང་ལ་གཤེགས་རྗེས་དོལ་རྒྱལ་བསྟེན་གསོལ་དར་གསོ་ཆེ་རུ་ཕྱིན་ཡོད། དེས་ཆོས་ལུགས་ནང་ཁུལ་མི་མཐུན་པ་བཟོ་གི་ཡོད།
ཕྱི་ལོ་ ༡༩༧༠ འགོ་སྟོད་བར་ངོས་ནས་ཀྱང་དོལ་རྒྱལ་བསྟེན་གསོལ་བྱས་པ་ཡིན། དེ་བསྟེན་པའི་འབྲས་བུར་ངོས་ལ་ཆོས་དད་རང་དབང་མིན་འདུག དོལ་རྒྱལ་གྱི་མཁོན་ཡོང་བསམས་ནས་ངོས་ལ་ཆོས་བརྒྱུད་གཞན་གྱི་དབང་ལུང་ཁྲིད་གསུམ་གྱི་མན་ངག་ཞུ་རྒྱུའི་གོ་སྐབས་ཐོབ་མེད། མཐར་ངོས་ཀྱིས་དེར་བརྟག་དཔྱད་བྱས་པ་ཡིན། ལྷག་པར་༸གོང་ས་ལྔ་པ་ཆེན་པོའི་མཛད་རྣམ་དང་གསུང་འབུམ་སོགས་ལ་དཔྱད་པ་བྱེད་སྐབས། དེ་ཧ་ཅང་རྙོག་གྲ་ཚ་པོ་ཞིག་ཡིན་པ་ཤེས་བྱུང་། དེར་བརྟེན་ངོས་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པ་ཡིན། དོལ་རྒྱལ་མཚམས་འཇོག་བྱས་རྗེས་གཞི་ནས་ངོས་ནས་ཆོས་བརྒྱུད་གཞན་གྱི་དབང་ལུང་མན་ངག་སོགས་ཞུ་རྒྱུའི་རང་དབང་ཐོབ་པ་རེད། ༸གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་དེ་དམ་སྲི་འབྱུང་པོ་ཞིག་ལ་ངོས་འཛིན་མཛད་ཡོད། དེར་བརྟེན་ངོས་ཀྱིས་དངོས་ཡོད་གནས་ཚུལ་གང་ཤེས་པ་རྣམས་གཞན་ལ་གོ་རྟོགས་སྤེལ་རྒྱུ་ངོས་ཀྱི་འགན་ཡིན། ངོས་ཀྱིས་བཤད་ནས་ཉན་དང་མི་ཉན་སོ་སོའི་ལག་པ་རེད། གྲྭ་ཆས་གྱོན་པའི་མི་ན་གཞོན་དེ་ཚོས་ངོས་ལ་རྫུན་མ་བཤད། ཅེས་སྐད་འབོད་བྱེད་བཞིན་ཡོད་ཀྱང་། ཁོ་པ་ཚོས་དངོས་ཡོད་གནས་ཚུལ་ཆ་ཚང་ཤེས་ཀྱི་མེད། ཁོ་པ་ཚོས་ཉམས་ཞིབ་མང་ཙམ་གནང་དགོས། ཞེས་སོགས་ཀྱི་བཀའ་ལན་སྩལ་རྗེས་ཨལ་ཌར་ཤོཊ་དུ་ཆིབས་སྒྱུར་བསྐྱངས་ནས་བལ་པོ་ནང་པ་གཙོ་བོར་གྱུར་བའི་བོད་རིགས་དང་ཕྱི་རྒྱལ་བ་བཅས་ལ་མཇལ་ཁ་སྩལ་བ་མ་ཟད། བལ་པོའི་ནང་པའི་དགོན་པ་དབུ་འབྱེད་དང་རབ་གནས་མཛད།
སྐབས་དེར་ཐོག་མར་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀ་ཛི་ཤར་པ་ལགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་སླར་ཡང་ས་གནས་འདིར་བསླེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། སྤྱིར་བལ་ཡུལ་དེ་སྲོལ་རྒྱུན་ཐོག་ནང་པའི་རྒྱལ་ཁབ་གཅིག་ཆགས་ཡོད། ཁྱེད་ཚོས་ཝི་ཏི་ནམ་དང་ཀོ་རི་ཡ་བཞིན་རང་གི་རིག་གཞུང་བདག་ཉར་བྱས་པ་ངོས་ཀྱིས་ཤེས་བྱུང་། དེ་རིང་ཁྱེད་ཚོས་ངོས་ལ་གུ་རུའི་སྐུ་བརྙན་སོགས་དབུ་འབྱེད་རབ་གནས་བྱེད་རོགས་གསུངས་པ་རེད། དེ་སྔ་མཚོ་པདྨར་གུ་རུའི་སྐུ་བརྙན་གསར་པ་ཞིག་ལ་རབ་གནས་བྱེད་རོགས། ཞེས་ངོས་ལ་བརྗོད་སྐབས་ངོས་ཀྱིས་སྐུ་བརྙན་ཧ་ཅང་ལེགས་པོ་ཡོད་ཀྱང་ལོ་ངོ་སྟོང་ཕྲག་ཕྱིན་ནའང་གསུང་ནམ་ཡང་བྱོན་རྒྱུ་མ་རེད། ཅེས་བརྗོད་རྒྱུ་བྱུང་། དེར་བརྟེན་སྟོན་པ་རང་ཉིད་ཀྱིས་ང་ཚོར་སྟོན་པའི་གསུང་ལ་སྲེག་བཅད་བརྡར་གསུམ་གྱི་དཔྱད་པ་བྱེད་དགོས་པ་བཀའ་གནང་ཡོད་སྟབས། གཙོ་བོ་ནང་ཆོས་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། སྐབས་དེར་དོལ་རྒྱལ་སྐོར་བླང་དོར་བཀའ་སློབ་སྩལ་དོན། ཆོས་ལུགས་ནང་ཁུལ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཐེངས་འདིར་གཞུང་ལམ་ཐོག་དོལ་རྒྱལ་རྗེས་འབྲང་པ་ཚོས་ངོས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་འདུག གལ་ཏེ་ཁོ་པ་ཚོ་འདིར་ཡོད་ན་འདི་གར་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་རྒྱལ་བ་ཀརྨ་པའི་སྐུ་པར་རྣམས་འདུ་གསོག་རྒྱག་རྒྱུ་ཡིན་པ་ཐག་ཆོད། ས་སྐྱའི་བླ་ཆེན་ཚོའི་སྐུ་པར་ཕལ་ཆེར་དེ་མུར་འཇོག་སྲིད། ངོས་ཀྱིས་ཐོག་མར་མི་ཤེས་པའི་དབང་གིས་དོལ་རྒྱལ་བསྟེན་པ་ཡིན། དེ་རྗེས་ཕྱི་ལོ་ ༡༩༧༠ འགོ་སྟོད་བར་བསྟན་པ་རེད། དེ་རྗེས་བརྟག་དཔྱད་རིམ་པ་བྱས་མཐར་དོལ་རྒྱལ་གྱི་གནད་དོན་དེ་ལོ་ངོ་ ༤༠༠ ཙམ་ཕྱིན་པའི་གླེང་གཞི་ཅན་ཞིག་ཡིན་པ་ཤེས་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོགས་བྱས་པ་ཡིན། ༸གོང་ས་ལྔ་པ་ཆེན་པོས་ཀྱང་དོལ་རྒྱལ་དེ་དམ་སྲི་འབྱུང་པོ་ཞིག་ལ་ངོས་འཛིན་མཛད་འདུག རྒྱུའི་ཁྱད་པར་སྨོན་ལམ་ལོག་པ་དང་། ངོ་བོའི་ཁྱད་པར་དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར་བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞིག་ལ་ངོས་འཛིན་མཛད་འདུག ངོས་ཀྱིས་གནས་ཚུལ་དེ་དག་ཤེས་རྗེས་གཞན་ལ་གནས་ལུགས་ཇི་ཡིན་གསལ་བཤད་བྱ་རྒྱུ་ངོས་ཀྱིས་ལས་འགན་ཡིན། ཉན་དང་མི་ཉན་སོ་སོའི་རང་ད
བང་རེད། ཁོ་པ་ཚོས་འདིར་ངོས་ལ་ཏཱ་ལའི་བླ་མ་རྫུན་མ་ཤོད། ཅེས་བསྒྲགས་ཤིང་འདུག ངོས་ཀྱིས་རྫུན་ཇི་འདྲ་ཞིག་བཤད་ཡིན་ནམ་སྙམ་བཞིན་འདུག
དོལ་རྒྱལ་བསྟེན་ན་ཆོས་ལུགས་འཐེན་འཁྱེར་ཡོང་གི་ཡོད། ངོས་ཀྱིས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་རྗེས་གཞི་ནས་ངོས་ལ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་བཅོ་བརྒྱད་ཁྲི་རིན་པོ་ཆེ་སོགས་ཀྱི་སྐུ་མདུན་ནས་དབང་ལུང་མན་ངག་སོགས་ཞུས་ཐུབ་པ་བྱུང་། དེར་བརྟེན་དོལ་རྒྱལ་བསྟེན་གསོལ་བྱས་པ་དེས་ངོས་ཀྱི་ཆོས་དད་རང་དབང་འཕྲོག་པ་རེད། ཅེས་བཀའ་སློབ་སྩལ། སྐབས་དེར་༸གོང་ས་མཆོག་གིས་དགོན་པ་གསར་པ་དེར་རྒྱལ་བའི་བཀའ་འགྱུར་དང་བཀའི་དགོངས་འགྲེལ་བསྟན་འགྱུར་གྱི་ཕྱག་དཔེ་གསོལ་སྩལ་མཛད་པ་མ་ཟད། ཐུབ་དབང་གི་སྐུ་བརྙན་ཞིག་ཀྱང་སྩལ། དེ་རྗེས་༸གོང་ས་མཆོག་གིས་ཨལ་ཌར་ཤོཊ་རྐང་རྩེད་པོ་ལོའི་རུ་ཁག་གི་ཚོགས་ཁང་དུ་Aldershot Football Club ཆིབས་སྒྱུར་བསྐྱངས་ནས་མི་གྲངས་ ༦༠༠༠ ཙམ་ལ་༸གོང་ས་མཆོག་གིས་ཐུགས་སྐྱེད་དམ་བཅའ་གསུམ་གྱི་སྐོར་ལམ་སྟོན་བཀའ་སློབ་སྩལ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ། སྤྱིར་ཐེངས་འདིར་༸གོང་ས་མཆོག་དབུ་བཞུགས་ཀྱི་མཛད་སྒོའི་སྐབས་བལ་ཡུལ་དུ་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་སྨོན་མཛད་འདུག་པ་མ་ཟད། ཆིབས་སྒྱུར་སྐབས་དཔལ་འབྱོར་འདུ་འགོད་ཇི་བྱུང་རྣམས་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གིས་བལ་ཡུལ་དུ་ས་ཡོམ་གྱི་ངལ་སེལ་ཆེད་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག ཐེངས་འདིར་ཨིན་ཡུལ་ས་གནས་ཁག་ཏུ་དོལ་རྒྱལ་རྗེས་འབྲང་པ་ཚོས་ངོ་རྒོལ་སྐད་འབོད་བྱས་པ་དེར་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་ནང་པའི་མཐུན་ཚོགས་ཀྱིས་དོལ་ཚོགས་ངོ་རྒོལ་བ་རྣམས་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག །
ཐེངས་འདིར་ཨིན་ཡུལ་ས་གནས་ཁག་ཏུ་དོལ་རྒྱལ་རྗེས་འབྲང་པ་ཚོས་ངོ་རྒོལ་སྐད་འབོད་བྱས་པ་དེར་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་ནང་པའི་མཐུན་ཚོགས་ཀྱིས་དོལ་ཚོགས་ངོ་རྒོལ་བ་རྣམས་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དྲ་ཐག་འདི་བརྒྱུད་གཟིགས་ཐུབ།དྲ་ཐག་འདི་བརྒྱུད་གཟིགས་ཐུབ། ༸གོང་ས་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ཉིན་ཨིན་ཡུལ་གྱི་མཛད་འཕྲིན་ཁག་རེ་ཞིག་ཡོངས་སུ་ལེགས་གྲུབ་ཀྱིས་ཨ་རིར་ཆིབས་སྒྱུར་བསྐྱངས་གནང་མཛད་རྒྱུ་ཡིན་འདུག