༢༠༡༥ ཟླ་ ༦ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་ནིའུ་ཡོཀ་ས་ཁུལ་གྱི་གྲོས་ཚོགས་འོག་མིའི་འཐུས་མི་གཅིག་ལྕོགས་ཡིན་པ་སྐུ་ཞབས་ཨི་ལོ་ཡི་ཊི་ཨེལ་ཨེན་ཇེལ་ Eliot L. Engelམཆོག་དང་། ཨེ་རི་ཛོ་ནའི་ས་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་དང་ཞི་བདེ་རྒྱ་མཚོའི་གླིང་ཆེན་གྱི་ཚན་པའི་འགན་འཛིན་སྐུ་ཞབས་མཊ་སལ་མོན་ Matt Salmon མཆོག དེ་བཞིན་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་ Tom Lantos Human Rights Commission གི་འགན་འཛིན་གཞོན་པ་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇོ་སེབ་པིཊ་ Joseph Pitts མཆོག གཞན་ཡང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་སི་མེཀ་གོ་ཝན་ Mr. James McGovern མཆོག་བཅས་ཀྱིས་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་འོག་མའི་ནང་། བོད་ཀྱི་དཀའ་རྙོག་སེལ་ཆེད་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་འབྲེལ་མོལ་སྐྱར་གསོ་གང་མགྱོགས་གནང་སྟེ་བོད་མིའི་དཀའ་ངལ་སེལ་ཐབས་དགོས་པའི་གྲོས་གཞི་གྲོས་འཆར་བཏོན་པ་དེར་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ ༢༩ ནས་རྒྱབ་སྐྱོར་གནང་འདུག
གྲོས་གཞི་གྲོས་འཆར་བཏོན་དགོས་པའི་དགོས་དམིགས།
༡) སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་མིའི་དཀའ་ངལ་སེལ་ཆེད་དོན་སྙིང་ལྡན་པའི་གྲོས་མོལ་གནང་ནས་ཐག་གཅོད་ཀྱི་གྲོས་མཐུན་གཏན་འབེབས་གནང་དགོས་པ།
༢) བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་བོད་ཡིན་པ་དང་། འཛམ་གླིང་ཁྱོན་དུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་རྣམས་ཀྱིས་གུས་བཀུར་ཆེ་ཤོས་ཞུ་ཡུལ་ནི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན་པ།
༣) ཕྱི་ལོ་ ༡༩༥༩ ལོར་བོད་མིས་རང་དབང་སྒེར་ལངས་བྱས་པ་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པར་བརྟེན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་བ།
༤) ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་རྒྱུ་དང་། ཁོང་གིས་མི་ལོ་ ༥༠ ལྷག་གི་རིང་བཙན་བྱོལ་ནང་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་དང་བཟོད་སྲན། གུས་བཀུར་གོང་སྤེལ་རྒྱ་ཆེ་གཏོང་གནང་མཛད་ཡོད།
༥) བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བདག་གཅེས་རྒྱུན་འཛིན་མཛད་ཐབས་དང་སྦྲགས། འཛམ་གླིང་ཁྱོན་དུ་རྩ་ལག་ཏུ་འགྲོ་ཉེན་ཆེ་བའི་རིག་གཞུང་སྲུང་སྐྱོབས་ཆེད་ཐུགས་བརྩོན་མཛད་ཡོད།
༦) བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་གསར་གཏོད་མཛད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོར་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་ཡོད།
༧) བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཁོར་ཡུག་གནས་སྟངས་སྤྱི་དང་། ལྷག་པར་མཐུང་ཆུའི་གཙོས་བོད་ཀྱི་རང་བྱུང་ཐོན་སྐྱེས་རྣམས་གང་བྱུང་བག་ཚ་མེད་པར་སྔོག་འདོན་དང་བཀོལ་བཅོས་བྱས་དང་བྱེད་བཞིན་པ་དེར་ཐུགས་འཚབ་ཧ་ཅང་མཛད་པ་མ་ཟད། བོད་ནང་གི་ཁོར་ཡུག་གནས་སྟངས་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་གནང་མཛད་ཡོད། འཛམ་གླིང་གི་མི་འབོར་གསུམ་ཆ་གཅིག་བོད་ནས་བབ་པའི་རྒྱུག་ཆུ་དེ་དག་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད།
༨) ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བའི་ཐོག་ནས་བོད་ཀྱི་གནད་དོན་ཙམ་མ་ཟད། སྤྱིར་དཀའ་རྙོག་ཇི་འདྲ་ཞིག་ཡིན་ཡང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཆེད་ཐུགས་བརྩོན་མཛད་པ་དེར་ངོས་འཛིན་ཞུས་ནས་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད།
༩) ཕྱི་ལོ་ ༢༠༠༧ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་ལམ་ཞུས་ཡོད། དེ་ནི་གཙོ་བོ་ཁོང་གིས་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོ་དང་རང་དབང་། དེ་བཞིན་འཚེ་མེད་ཞི་བདེ་གོང་འཕེལ་གཏོང་གནང་མཛད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གྱིས་གོ་ལ་སྤྱི་ཡོངས་སུ་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་རྗེས་ལ་ངོས་འཛིན་ཞུས་པ་ཞིག་ཡིན་འདུག
༡༠) བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཡིན་སྟབས། ཕྱི་ལོ་ ༢༠༡༡ ལོར་མགོན་པོ་གང་ཉིད་མཆོག་གི་སྐུའི་ཡང་སྲིད་ཐོག་ཐུགས་ཐག་གང་བཅད་གནང་མཛད་པའི་ལམ་སྟོན་དེར་བོད་མི་ནང་པ་ཚང་མས་བཀའ་སྲུང་ཅི་སྒྲུབ་ཞུས་དགོས་པ་ཡིན།
༡༡) རྒྱ་ནག་དབུས་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་བྱེད་སྟངས་ཐོག་ཐེ་བྱུས་བྱེད་ཐབས་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་གལ་ཏེ་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ལ་ངོས་འཛིན་མ་ཞུས་པ་ཡིན་ན། སྤྲུལ་སྐུའི་ཡང་སྲིད་འཚོལ་རྒྱུའི་ལམ་སྲོལ་དེར་ཁྲིམས་འགལ་དུ་ངོས་འཛིན་བྱེད་རྒྱུའི་སྡིག་སྐུལ་བཏང་ཡོད།
༡༢) རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་གི་ལས་བྱེད་པ་ཊུ་ཝེ་ཆུན་ Zhu Weiqun ཟེར་བས། ཏཱ་ལའི་བླ་མའི་ཡང་སྲིད་སྐོར་དང་ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་དང་མ་ཕེབས་ཀྱི་ཐག་གཅོད་བྱ་རྒྱུའི་དབང་ཆ་དེ་ཀྲུང་གོ་གུང་ཁྲན་ཏང་ལ་ཡོད་ཚུལ་བཤད་ཡོད།
༡༣)ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་ཕྱི་ལོ་ ༢༠༡༣ ནང་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དུས་ཚིགས་གལ་ཆེའི་རིགས་ལ་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་པ་དང་། གཞུང་གི་ལས་བྱེད་པས་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོའི་ཐོག་ཐེ་བྱུས་བྱས་པ་དེས་བོད་མི་ཚོར་སེམས་སྡུག་ཧ་ཅང་བཟོ་བཞིན་ཡོད།
༡༤) ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་ད་བར་རྒྱ་ནག་གི་ཆོས་དད་རང་དབང་ཐོག་དམིགས་བསལ་སེམས་ཚབས་བྱེད་དགོས་པར་ངོས་འཛིན་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༣ ལོའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་དང་ཁ་བྲལ་ལ་ངོ་རྒོལ། ཞེས་པར་བསྙད་དེ་བོད་མིའི་ཐོག་དམ་བསྒྲགས་ཚབས་ཆེ་བྱས་པ་མ་ཟད། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་ཧ་ཅང་དམ་བསྒྲགས་བྱས་ནས་བོད་མིའི་སྨྲ་བརྗོད་དང་ཆོས་དད་། འདུ་འཛོམས། དེ་བཞིན་འགྲོ་བསྐྱོད་སོགས་ཀྱི་རང་དབང་ལ་དམ་བསྒྲགས་དང་བསུན་བཙེར་ཧ་ཅང་བཟོས་ཡོད།
༡༥) ཨ་རིའི་གཞུང་འབྲེལ་ལས་བྱེད་དང་གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་གཞན་བོད་ཀྱི་ས་ཁུལ་ཁག་ཏུ་ལྟ་སྐོར་འགྲོ་རྒྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམ་བསྒྲགས་བྱས་ནས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་དང་།་བོད་མི་མང་པོ་ཞིག་གར་སོང་ཆ་མེད་དུ་བོར་བརླག་ཕྱིན་པའི་གནད་དོན་དེ་དག་ཁ་གསལ་ཤེས་རྟོགས་ཐུབ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད།
༡༦)ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༤ ལོར་བོད་དོན་གྲོས་མོལ་ཐད་སྙན་ཐོ་ཞིག་བཏོན་པའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་འགོ་ཁྲིད་དབར་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ནང་གྲོས་མོལ་ཐེངས་དགུ་པ་གནང་བ་ནས་བཟུང་ད་བར་ཐད་ཀར་མཇལ་འཕྲད་གཅིག་ཀྱང་བྱུང་མྱོང་མེད།
༡༧)ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ངོས་ནས་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་གནས་དུས་གང་འདྲ་ཞིག་ཡིན་རུང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཨང་སར་ཡོད་སྐོར་གསུངས་ཡོད།
༡༨) ཨ་རིའི་གཞུང་གི་ཆབ་སྲིད་ཚོགས་པ་གཉིས་ཀས་ལངས་ཕྱོགས་གཅིག་གྱུར་ཐོག་ཕྱི་ལོ་ ༢༠༠༢ ལོར་བོད་ཐོག་སྲིད་བྱུས་གཏན་འབེབས་གནང་བའི་དགོངས་དོན་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་རྒྱུན་སྐྱོང་ཡོང་ཆེད་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
༡༩) བོད་ཀྱི་ལས་དོན་སྐོར་གྱི་ཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚུགས་རྒྱུའི་ཐོག་བསམ་བློ་གཏོང་བཞིན་པའི་སྒང་ཡིན་སྲིད་པ་དང་། ཚོགས་འདུ་དེའི་ཐོག་ནས་འབྱུང་འགྱུར་ལོ་ལྔའི་རིང་བོད་ནང་སྲིད་བྱུས་ལག་བསྟར་ཇི་དགོས་ཐག་གཅོད་རྒྱུ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཞུགས་མོལ་ཚོགས་འདུ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ལོར་ཚོགས་ཡོད།
༢༠)ཨ་རིའི་མི་མང་ཚོས་བོད་མིའི་དཀའ་སྡུག་ལ་དུས་ཡུན་རིང་པོའི་ཐོག་ནས་སེམས་ཚབས་དང་དོ་སྣང་བྱེད་བཞིན་ཡོད།
དེར་བརྟེན་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཤམ་གསལ་གྲོས་ཆོད་ཁག་འཇོག་རྒྱུ་ཡིན།
གྲོས་ཆོད།
༡) ཕྱི་ལོ་ ༢༠༠༢ ལོའི་བོད་དོན་གཏན་འབེབས་ཀྱི་སྲིད་བྱུས་དོན་ཚན་ ༦༡༣(ཀ)དང་ ༦༢༡ (ག) དགོངས་དོན་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དབར་དོན་སྙིང་ལྡན་པའི་གྲོས་མོལ་མཛད་ཆེད་འབད་བརྩོན་ཤུགས་ཆེ་གནང་རྒྱུ། ཞེས་འཁོད་པ་ལྟར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་མིའི་དཀའ་སྡུག་སེལ་ཆེད་ཐག་གཅོད་ཀྱི་གྲོས་མཐུན་གཏན་འབེབས་གནང་དགོས།
༢)ཕྱི་ལོ་ ༢༠༠༢ ལོའི་བོད་དོན་གཏན་འབེབས་ཀྱི་སྲིད་བྱུས་དོན་ཚན་ ༦༡༨ དགོངས་དོན་ལྟར། ལྷ་སར་ཨ་རིའི་གཞུང་ཚབ་གསར་འཛུགས་དགོས་པ་དང་། གཞུང་ཚབ་དེ་བརྒྱུད་ནས་བོད་ནང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་ཡར་རྒྱས་བཅས་ཀྱི་གནས་སྟངས་ལ་སྟངས་འཛིན་བྱ་རྒྱུ་མ་ཟད། མང་ཚོགས་ཀྱི་སྲུང་སྐྱོབ་དང་ལས་དོན་ཐོག་ཞབས་ཞུ་བསྒྲུབ་ཐུབ་པ་དེ་ཡིན།
༣)ཨ་རིའི་གཞུང་ལ་ཛ་དྲག་འབོད་སྐུལ་ཞུ་རྒྱུར།
(ཀ) ཨར་རྒྱ་གཉིས་དཔལ་འབྱོར་སོགས་ཐབས་བྱུས་སྐོར་གྱི་ཞུགས་མོལ་ལྷན་ཚོགས་སོགས་ཡུལ་གཉིས་དབར་ཆེས་མཐོའི་ལྷན་ཚོགས་ནམ་བྱུང་སྐབས་ཨ་རིའི་གཞུང་གིས་དུས་རྟག་ཏུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད། ཆོས་དད་ཀྱི་རང་དབང་སྐོར་རྒྱ་ནག་འགོ་ཁྲིད་དང་ལྷན་གླེང་སློང་ངེས་པར་དུ་གནང་དགོས་པ་དང་།
(ཁ) ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་འབྱུང་འགྱུར་བོད་ཀྱི་ལས་དོན་སྐོར་གྱི་ཞུགས་མོལ་ཚོགས་འདུ་ཐེངས་ ༦ ལྟ་གོན་སྐབས་གྲུབ་འབྲས་སོན་པའི་ཕྱར་གྲུ་མཉམ་འདེགས་ཀྱི་མཐུན་འགྱུར་རོགས་རམ་གནང་དགོས་པ།
(ག) རྒྱ་ནག་གཞུང་ལ་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་འདོན་དགོས་པ་དང་། ཁོང་ནི་ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད། ཕྱོགས་མཚུངས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་མཁན་པོ་དཀར་ཚེ་ལགས་ཀྱང་གློད་བཀྲོལ་གཏོང་དགོས།
༤)ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་གནང་ཕྱོགས་ཐད་ཐེ་བྱུས་བྱས་པ་ཡིན་ན། རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་དང་འགལ་བ་དང་། རྒྱ་ནག་གིས་གཙོས་རྒྱལ་ཁབ་མང་པོས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་གནང་སྟངས་ཀྱི་སྲོལ་རྒྱུན་དེར་མོས་མཐུན་ཐོག་དོ་སྣང་ཧ་ཅང་གནང་བཞིན་ཡོད་པ་མ་ཟད། འཛམ་གླིང་ཁྱོན་དུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཚོས་དེར་དོ་སྣང་ཧ་ཅང་གནང་བཞིན་ཡོད་པ་གསལ་སྟོན་གནང་དགོས།
༥)འབྱུང་འགྱུར་བོད་མི་ཚོས་མང་གཙོའི་ལམ་ནས་སྲིད་སྐྱོང་གསར་པ་ཞིག་འོས་འདེམས་གནང་འཆར་ཡོད་ཚེ། འོས་འདུའི་ལས་རིམ་དེར་ཨ་རིའི་གཞུང་གིས་དོ་སྣང་ཧ་ཅང་གནང་དགོས་པ་མ་ཟད། འོས་འདུའི་ལས་རིམ་དེར་ངོས་འཛིན་གྱིས་དྲིལ་བསྒྲགས་རྒྱ་ཆེ་སྤེལ་དགོས།
༦)ཕྱི་ལོ་ ༢༠༠༢ ལོའི་བོད་དོན་གཏན་འབེབས་ཀྱི་སྲིད་བྱུས་དོན་ཚན་ ༦༡༦ དགོངས་དོན་ལྟར་བོད་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་ལས་འཆར་རྒྱ་ཅེ་སྤེལ་བ་བརྒྱུད་བོད་ཀྱི་ལས་འཆར་ནང་ལས་གཞི་གང་ཡོད་པ་དེ་དག་གི་དགོངས་དོན་ལྟར་ལག་བསྟར་གནང་དགོས།
༧)ཨ་རིའི་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྲིད་གཞུང་ཁག་དང་། ཚོགས་སྐྱིད་ཁག དེ་བཞིན་སྒྲིག་འཛུགས་ཁག་བཅས་ཀྱིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྒྱུན་འཛིན་ཆེད་ཐབས་ལམ་དང་སྲིད་བྱུས་གསར་པ་ལག་བསྟར་གནང་ཐབས་དགོས་པ།
༨)རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་རིའི་གཞུང་འབྲེལ་ལས་བྱེད་མི་སྣ་དང་གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་བཅས་ལ་དམ་བསྒྲགས་གང་ཡང་མེད་པར་བོད་ཀྱི་ས་ཁུལ་ཁག་དུ་གཏོང་དགོས།
༩) ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་དཀའ་རྙོག་སེལ་ཆེད་གྲོས་མོལ་མཛད་འདུན་ཡོད་སྐོར་གསལ་བཤད་གནང་སྟེ། ཁོང་ངམ་ཁོང་གི་སྐུ་ཚབ་དང་ལྷན་མགྱོགས་མྱུར་གྲོས་མོལ་གནང་དགོས་པའི་རེ་འདུན་འདོན་དགོས།
༡༠) ཨ་རི་དང་བོད་མི་གཉིས་དབར་འགྱུར་མེད་ཀྱི་མཛའ་བརྩེའི་འབྲེལ་ལམ་མུ་མཐུད་སྲ་བརྟན་གནས་རྒྱུའི་ཁས་ལེན་གནང་དགོས། ཞེས་འཁོད་འདུག
གོང་འཁོད་གྲོས་གཞི་གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ནི།
Mr. Engel, Mr. Salmon, Ms. Pelosi, Mr. Pitts, Mr. McGovern, Ms. Clarke of New York, Mr. Chabot, Mr. Grayson, Mr. Connolly, Mr. Sires, Mr. Hastings, Mr. Capuano, Ms. Jackson Lee, Mr. Lewis, Mr. Beyer, Ms. McCollum, Mr. DesJarlais, Mr. Cicilline, Mr. Lowenthal, Mr. Polis, Mr. Sherman, Mr. Honda, Mr. Ribble, Mr. Rangel, Ms. Ros-Lehtinen, Mr. Rohrabacher, Ms. Clark of Massachusetts, Mr. Franks of Arizona, and Mr. Bera