༢༠༡༥ ཟླ་ ༦ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༣ ནས་ཚེས་ ༢༦ བར་ཉིན་གྲངས་བཞིའི་རིང་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ནི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་སྦྱོང་བརྡར་གནང་བཞིན་པའི་སློབ་བུ་ ༡༩ དང་བུ་མོ་ ༢༨ ལ་འབྱུང་འགྱུར་བོད་མི་གཞོན་སྐྱེས་ཚོར་ཚོང་ལས་ཡར་རྒྱས་དང་བུད་མེད་ནུས་སྟོབས་གོང་སྤེལ་གཏོང་ཐབས་དང་འབྲེལ་བའི་ཟབ་སྦྱོང་གནང་འདུག
དེ་ཡང་ཕྱི་ཚེས་ ༢༣ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་སྐུ་མགྲོན་གཙོ་བོ་ལྷོ་སྤྱི་ཀརྨ་སེངྒེ་ལགས་ཀྱིས་ཟབ་སྦྱོང་བ་རྣམས་ལ་ལམ་སྟོན་གསུང་བཤད་གནང་ཡོད། ནི་ལ་མངྒ་ལ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་ཆོས་གྲགས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་། ཐེངས་འདིའི་ཟབ་སྦྱོང་ཐོག་ཟབ་ཁྲིད་གནང་མཁན་ཁོངས་སུ་བོད་མི་མང་སྤྱི་འཐུས་དང་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་བུ་མོ་ཚེ་རིང་ལགས་དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས། མཉམ་སྦྲེལ་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་བཅས་ཡིན་འདུག ཟབ་སྦྱོང་སྐབས་ནི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་གི་སློབ་ཟུར་བློ་གྲོས་ཡི་ཤེས་དང་འཇམ་དབྱངས་ཉི་མ་རྣམ་གཉིས་ཀྱིས་རང་ཉིད་ཀྱི་མྱོང་ཚོར་སྐོར་གསུངས་འདུག
དེ་བཞིན་ཟབ་སྦྱོང་སྐབས་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་ཤུགས་གོང་སྤེལ་ཚན་ པའི་འབྲེལ་མཐུད་པ་ཀརྨ་སྒྲོལ་མ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་ཤུགས་གོང་སྤེལ་གཏོང་ཐབས་ཀྱི་སྲིད་བྱུས་དང་སྐོར་རྒྱག་བུན་གཏོང་མ་དངུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་།
ཐེངས་དེའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོར་ཚོང་ལས་གཉེར་ཕྱོགས་གོང་མཐོར་བཏང་བ་དང་ཆབས་ཅིག བུད་མེད་ཀྱི་ནུས་སྟོབས་གལ་གནད་སྐོར་གོ་རྟོགས་བསྐྲུན་རྒྱུ་དེ་ཡིན་འདུག དེ་མཚུངས་ཟབ་སྦྱོང་བ་རྣམས་ལ་བཟང་ཕྱོགས་ཀྱི་བསམ་བློ་ཁྱེར་ཕྱོགས་ཐོག་ནས་དཀའ་རྙོག་སེལ་བའི་ཕན་ཐོགས་ངེས་ཅན་གྱི་གོ་སྐབས་ཤིག་ཡིན་པའི་ཤེས་ཡོན་བསྐྲུན་རྒྱུ་བཅས་ཡིན་འདུག