ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༦ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་མནར་གཅོད་ཕོག་མི་ཚོའི་ཐོབ་ཐང་བསྐྱར་གསོའི་ལས་གཞི་ཞེས་རྒྱལ་སྤྱའི་མནར་གཅོད་ཉིན་མོ་སྲུང་བརྩི་དང་སྦྲགས། ༼ནོར་བུ་༽ཞེས་པའི་གཏམ་བརྗོད་ཞིག་འཁྲབ་སྟོན་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་དགོང་དྲོ་ཆུ་ཚོད་ ༧།༣༠ ཐོག་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་ལ་མཇལ་དར་འབུལ་ཏེ་སྣེ་ལེན་ཕེབས་བསུ་ཞུས། ཐེངས་འདིར་སྐུ་མགྲོན་གྱི་གཙོ་བོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་པའི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག སྤྱི་འཐུས་གངས་ལྷ་མོ་ལགས། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་རྡ་ས་ཁུལ་གྱི་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་འདུ་འཛོམས་ཀྱིས་ཐོག་མར་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་འཕྲིན་ལས་དབང་མོ་ལགས་ཀྱིས་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུས་པའི་ངོ་སྤྲོད་གནང་།
དེ་རྗེས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འཕྲོད་བསྟེན་ལས་ཁུངས་ཀྱིས་མནར་གཅོད་དང་འབྲེལ་བའི་གཏམ་བརྗོད་འཁྲབ་སྟོན་ཐོག་ཕེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་ནང་བོད་མི་ཚོས་ཆབ་སྲིད་ཀྱི་ལས་དོན་གང་འདྲ་ཞིག་སྤེལ་བ་ཡིན་ནའང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང་། བཙོན་ཁང་ནང་གདུག་སྤྱོད་མནར་གཅོད་ཚད་མེད་བཏང་གི་ཡོད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་། ཆབ་སྲིད་བཙོན་ཟུར་ཚོའི་ལོ་རྒྱུས་དེ་དག་ང་ཚོས་ཐོས་སྐབས་སེམས་འགུལ་ཤུགས་ཆེན་པོ་ཞིག་གི་ཐོག་ནས་སེམས་ནང་དཀའ་ངལ་ཆེན་པོ་ཞིག་ཡོང་གི་ཡོད། ཡིན་ནའང་བཙན་བྱོལ་ནང་གི་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་ང་ཚོས་དངོས་སུ་མྱོང་ཐུབ་ཀྱི་མེད། གང་ཡིན་ཟེར་ན་ང་ཚོ་བཙན་བྱོལ་ནང་འཚར་ལོངས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། བོད་ནང་གི་ཆབ་སྲིད་བཙོན་ཟུར་ཚོའི་དཀའ་སྡུག་དེ་དག་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་ཤེས་ཐུབ་དགོས་པ་དང་། ལྷག་པར་རྒྱལ་སྤྱིའི་ནང་གོ་རྟོགས་བསྐྲུན་དགོས་པ་རེད། ང་རང་ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་ཕྲན་བུ་ཞིབ་འཇུག་བྱས་མྱོང་། ཕལ་ཆེར་ཕྱི་ལོ་ ༡༩༩༥།༡༩༩༦ དབྱར་ཁར་རྡ་རམ་ས་ལར་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་གཙོ་བའི་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་གི་སར་བཅར་ནས་ཁོང་རང་ཚོའི་ལོ་རྒྱུས་སྙིང་བསྡུས་རེ་འདྲི་སྐབས་ཁོང་རང་ཚོས་བཙོན་ཁང་ནང་དཀའ་སྡུག་མྱངས་སྟངས་དེ་དག་ཐོས་སྐབས་སེམས་ནང་ཤོང་མ་ཐུབ་པའི་གནས་སྟངས་དང་། དངངས་སྐྲག་གི་འཚོར་སྣང་ཤུགས་ཆེན་པོ་ཞིག་སྐྱེ་ཡོང་གི་འདུག དཔེར་ན། ཉེས་རྡུང་གཏོང་སྐབས་ང་ཚོས་ཉེས་རྡུང་ཟེར་སྐབས་དབྱུག་པ་ཞུས་པ་དེ་འདྲར་གོ་གི་རེད་དེ། ཁོང་རང་ཚོར་ཉེས་རྡུང་དེ་དམིགས་བསལ་བ་ཞིག་མཐོང་གི ལག་པ་གཉིས་ཕྱོགས་གཉིས་ལ་བསྣར་ནས་གྱང་སྟེང་དུ་རྐྱང་བཅུག་པ་དང་། གནམ་གཤིས་གྲང་མོའི་སྐབས་རྐང་པ་གཉིས་དྲལ་དྲལ་དུ་བྱས་ནས་དེའི་སྟེང་ཆུ་གྲང་མོ་བླུགས་ནས་དཀའ་སྡུག་མྱོང་བཅུག་པ། རྐང་ལག་འགུལ་ཚེ་རྡུང་རྡེག་བཏང་བ་སོགས་དང་། ཆབ་སྲིད་བཙོན་ཟུར་ངག་དབང་བསམ་གྲུབ་ལགས་ཁོང་རང་ཚོའི་སྡུག་སྦྱོང་མྱངས་སྟངས་དེ་དག་ཐོས་སྐབས་མི་ཞིག་གིས་མི་ཞིག་ལ་ཧ་ལས་པའི་ཉེས་རྡུང་བཏང་གི་ཡོད་པ་ཚོར་ཡོང་གི་འདུག
དེའི་ནང་ནས་གློག་དབྱུག་ཁ་ནང་བཅུག་པ་སོགས་ཀྱི་ཉེས་རྡུང་འདྲ་མིན་ཡོད། ཆབ་སྲིད་བཙོན་པ་ཁོང་རང་ཚོར་ངས་བཙོན་ཁང་ནང་ན་ཚ་མང་ཤོས་དེ་གང་ཡོང་གི་འདུག་ཅེས་ཞུས་པ་ཡིན། ངས་བསམ་པར་གློག་དབྱུག་དེ་ཁ་ནང་བཅུག་སྐབས་གློག་ཤུགས་ཀྱིས་ཕི་ཊི་ལྔ་དང་བཅུ་ཙམ་ཕྱིར་གཡུག་ནས་རྒྱང་ལ་བརྡབ་ནས་དྲན་པ་འཐོར་གྱི་ཡོད། དྲན་པ་གསོས་སྐབས་ཁ་ནས་ཁྲག་བསྐྱུག་པ་དང་། ཆབ་གསང་ཤོར་བ་སོགས་ཀྱི་དཀའ་ངལ་དེ་འདྲ་ཡོད་རེད་ཅེས་ཟེར་གྱི་འདུག ངས་བསམ་པར་ན་ཚ་དེ་ཚབས་ཆེ་ཤོས་རེད་བསམས་སོང་། ཡིན་ནའང་ཁོང་རང་ཚོས་གློག་དབྱུག་དེ་ན་ཚ་ཆེ་ཤོས་མ་རེད་ཅེས་ཟེར་གྱི་འདུག གང་ལ་ཟེར་ན་གློག་དབྱུག་དེས་དྲན་པ་འཐོར་བཅུག་གི་ཡོད་སྟབས་སྐབས་བབ་ན་ཚ་ཡོང་གི་མི་འདུག འོན་ཀྱང་ལག་པ་གཉིས་ནམ་མཁར་དཔྱངས་ནས་བཞག་པ་དེ་ན་ཚ་ཆེ་ཤོས་རེད། དེས་སྐར་ཆ་ནས་སྐར་ཆ་དཀའ་ངལ་མྱོང་དགོས་པ་འདུག་ཅེས་ཆབ་སྲིད་བཙོན་ཟུར་ཞིག་གིས་དེ་འདྲ་ཟེར་གྱི་འདུག ད་ཐེངས་གཏམ་བརྗོད་དེ་བཞིན་ཆབ་སྲིད་བཙོན་ཟུར་གྱི་ཉམས་མྱོང་གཞིར་བཞག་ནས་འཁྲབ་སྟོན་གནང་བ་ཞིག་རེད་བསམས་ཀྱི་འདུག དེ་བཞིན་ཆབ་སྲིད་བཙོན་ཟུར་ཚོར་ང་རང་དངོས་སུ་དྲིས་མྱོང་ལ། དེ་བཞིན་ཨ་རི་བྷོས་ཊོན་ཁུལ་དུ་ཆབ་སྲིད་བཙོན་པའི་སྐད་སྒྱུར་བྱེད་སྐབས་ཁྱེད་རང་ཚོར་རྒྱ་ནག་གིས་མནར་གཅོད་དང་དཀའ་སྡུག་དེ་འདྲ་ཞིག་མྱངས་བཅུག་པར་ཁྱེད་རང་ལ་འཚོར་བ་གང་འདྲ་ཞིག་སྐྱེ་ཡི་འདུག་ཅེས་ཞུ་སྐབས་ཁོང་ཚོས་ད་ལྟའི་ཆར་རྒྱ་མིར་འཁོན་འཛིན་གང་ཡང་མེད། ཅེས་ཟེར་སྐབས་ཕྱི་རྒྱལ་བ་ཚོས་ཡ་མཚན་སྐྱེ་གི་འདུག ཡིན་ནའང་ང་རང་ཚོ་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་དང་ཡང་སྒོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བཅས་ལ་བརྟེན་ནས་བསམ་བློ་དེ་འཚེ་བ་མེད་པ་དང་། ཞི་བའི་ཐོག་ནས་ལག་བསྟར་གནང་བ་ཞིག་ལ་ངོས་འཛིན་དགོས་པ་རེད། འཁོན་འཛིན་མེད་པའི་བསམ་བློ་དེ་རྒྱ་ཆེན་པོ་ཞིག་གི་ཐོག་ནས་བསམ་བློ་གཏོང་བ་ཞིག་ཡིན་པར་བརྟེན་མི་དེར་སྙིང་སྟོབས་ཡོད་པ་ཞིག་གསལ་པོ་རེད།
དེར་བརྟེན་དེ་རིང་གི་གཏམ་བརྗོད་དེ་ཡང་དེ་དང་འདྲ་བ་ཞིག་ཡིན་བསྙམ་གྱི་ཡོད། སྤྱིར་ང་རང་གཙོས་པའི་བཙན་བྱོལ་ནང་གི་ན་གཞོན་ཚོས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་སྐུ་ངལ་ཆེན་པོ་ཡོད་པ་གོ་ཐོས་བྱུང་ཡོད་རུང་། དངོས་སུ་ང་ཚོ་སུ་གཅིག་གིས་ཀྱང་མཐོང་མྱོང་མེད་སྟབས། དེ་རིང་གཏམ་བརྗོད་འདིའི་བརྒྱུད་ནས་དངོས་སུ་མིག་གིས་མཐོང་ཐུབ་པ་ཞིག་བྱུང་བ་ཡིན་ན་འཚོར་བ་དམིགས་བསལ་བ་ཞིག་ཡོང་རྒྱུ་དང་། འཚོར་བ་བསླེབས་པ་ཙམ་མ་ཡིན་པར་སྙིང་སྟོབས་དང་ཐུགས་ཕན་གསོ་བར་ཡོང་ངེས་རེད། དེ་རིང་གཏམ་བརྗོད་འདི་ལྷག་པ་ཚེ་རིང་ལགས་ཀྱིས་བསླབས་གནང་བ་ཞིག་རེད། གཏམ་བརྗོད་ཀྱི་ལམ་ནས་མི་མང་ལ་སློབ་གསོ་སྤྲད་ཐུབ་ཀྱི་ཡོད། འཕྲོད་བསྟེན་ལས་ཁུངས་ནང་མནར་གཅོད་སྡེ་ཚན་བརྒྱུད་ནས་ཆབ་སྲིད་བཙོན་ཟུར་ཚོར་གཟིགས་རྟོགས་གནང་རྒྱུའི་ལས་འགན་ཞིག་ཡོད། བཀའ་ཤག་གིས་ཆབ་སྲིད་བཙོན་ཟུར་ཚོར་དེ་སྔོན་ཟླ་རེར་རོགས་དངུལ་སྒོར་ ༤༠༠༠ དང་། ད་ལྟའི་བཀའ་ཤག་ངོས་ནས་སྒོར་ ༦༠༠༠ གནང་གི་ཡོད། ཨོ་སི་ཊོ་ལི་ཡའི་གཞུང་གིས་ངོས་ལེན་གནང་བ་གཞིར་བཟུང་ད་བར་ཆབ་སྲིད་བཙོན་པའི་མིང་ཐོ་འདོན་པ་མང་ཆེ་བ་ཨོ་སི་ཊོ་ལི་ཡར་ཕེབས་ཐུབ་པ་བྱུང་ཡོད། བཀའ་ཤག་གི་ལས་འགན་དེ་མཐུན་འགྱུར་གནང་རྒྱུ་དེ་ཡིན་པས། ང་ཚོས་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་མཐུན་འགྱུར་ཞུས་དང་ཞུ་བཞིན་པ་ཡིན། དེ་རིང་གི་གཏམ་བརྗོད་དེའི་བརྒྱུད་ནས་འཚོར་བ་གཞན་དང་མ་འདྲ་བ་ཞིག་ཡོང་བའི་རེ་བ་ཞུ་གི་ཡོད། ཅེས་གསུང་བཤད་གནང་གྲུབ་མཚམས་འཕྲོད་བསྟེན་བཀའ་བློན་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་། དེ་རྗེས་སྲིད་སྐྱོང་མཆོག་གིས་གཏམ་བརྗོད་འཁྲབ་མཁན་ཚོར་ཁ་བཏགས་གཡོགས་པ་དང་འདྲ་པར་མཉམ་སྒྲོན་བགྱིས་ཏེ་ལས་རིམ་མཇུག་སྒྲིལ། །