༢༠༡༥ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས།
སྔོན་གླེང་།
༄༅། །གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། ཁྱད་པར་གངས་རིའི་ལྗོངས་ཀྱི་ཉམ་ཐག་པའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཤིང་ཐུགས་བསྐྱེད་དམ་བཅའ་བརྟན་པོས་བསམ་བཞིན་མིའི་སྲིད་པ་བཟུང་བ་ནས་ད་ཆ་ཕྱི་ལུགས་དགུང་གྲངས་༨༠ ཕེབས་ཏེ་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་གེགས་ཀྱི་འགལ་རྐྱེན་ཆ་ཕྲ་མོ་ཙམ་ཡང་མ་བཞེས་པར་བདག་ཅག་འཇིག་རྟེན་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་འཚོ་ཞིང་བཞུགས་པ་ནི། སྲིད་ན་རྙེད་པར་དཀའ་བའི་སྐལ་བཟང་གི་དུས་སྐབས་ཤིག་ཡིན་པས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་སྙིང་བཅངས་ཀྱིས་རྗེས་དྲན་ཞུ་རྒྱུའི་ལེ་ཚན་གལ་ཆེན་ཞིག་ཆགས་ཡོད།
མགོན་པོ་གང་ཉིད་མཁའ་ཁྱབ་གདུལ་བྱའི་དོན་དུ་འཕགས་བོད་རྒྱལ་བློན་དུ་མའི་སྤྲུལ་རབས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་ཤིང་། འཇམ་མགོན་རྒྱལ་བ་གཉིས་པའི་སྲས་ཀྱི་ཐུ་བོ་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་པ་ནས་བཟུང་། ༸རྒྱལ་མཆོག་༸གོང་ས་ལྔ་པ་ཆེན་པོས་གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ལུགས་གཉིས་ཀྱི་ཁ་ལོ་མངོན་པར་བསྒྱུར་ཅིང་། ལྷག་པར་དུ་འདུལ་བསྟན་རྨང་ནས་གསོས་ཤིང་མཁས་གྲལ་གསར་གཏོད་ཐོག་བོད་ལྗོངས་རང་དབང་གཙང་མའི་རྔ་ཆེན་བསྒྲགས་པ་༸གོང་ས་བཅུ་གསུམ་པ་ཆེན་པོས་ཐུགས་བསྐྱེད་དམ་བཅའ་དུས་སུ་སྨིན་པ་ལྟར། འཇམ་མགོན་རྒྱལ་བ་གཉིས་པའི་འཁྲུངས་ཡུལ་སྐུ་འབུམ་ལྟག་མཚེར་ཞེས་པར་ཕྱི་ལོ་ ༡༩༣༥ ལོའི་བོད་ཟླ་ ༥ ཚེས་ ༥ ལ་མཛེས་སྐུ་མཚན་དཔེའི་མེ་ཏོག་གི་གང་བུ་ཡོངས་སུ་གྲོལ། ཕྱི་ལོ་ ༡༩༤༠ ཟླ་ ༢ ཚེས་ ༢༢ ཉིན་དགུང་ལོ་ལྔ་ལ་ཕེབས་སྐབས་གྲུ་འཛིན་ནོར་བུའི་གཞལ་མེད་ཁང་ཆེན་པོ་ཕོ་བྲང་པོ་ཏ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞིང་། སྐུ་གཞོན་ནུའི་དུས་ནས་མཚན་ཉིད་དང་ལྡན་པའི་མཁན་སློབ་དང་། སྨྲ་བའི་ཁྱུ་མཆོག་ངག་གི་དབང་ཕྱུག་དུ་མ་རིགས་ཀྱི་ཅོད་པཎ་དུ་བསྟེན་ཏེ་དུས་གསུམ་སངས་རྒྱས་ཀུན་གྱི་ལམ་བཟང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། ངུར་སྨྲིག་གི་རྒྱལ་མཚན་ཡང་དག་པར་བཞེས། ཕྱི་ནང་གང་སར་མཐུན་རྐྱེན་བྲལ་ཞིང་འགལ་རྐྱེན་བལ་བ་ཛ་ལྟར་འཛིངས་ཤིང་དཀྲིགས་པ་དང་། བོད་ཤར་ཕྱོགས་མདོ་ཁམས་ཡུལ་དུ་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱིས་བཙན་འཛུལ་དང་དྲག་གནོན་གྱིས་རིམ་པས་བོད་ས་ཧྲིལ་པོ་ཧམ་བཟུང་གིས་བོད་ལྗོངས་རང་ས་རང་སྲུང་གི་རེ་བ་རྩ་བྲལ་ཅི་བྱ་གཏོལ་མེད་ཀྱི་གནས་བབ་འོག་མགོན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་མ་སོན་ཀྱང་བོད་ལྗོངས་ལུགས་ཟུང་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་འཕྲལ་འཛམ་གླིང་སྤྱི་འགྲོས་སྲོལ་བཟང་ཡང་དག་པའི་མང་གཙོའི་ལམ་ལུགས་གསར་གཏོད་གནང་བཞེད་ཀྱིས་དུས་བསྟུན་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་གསར་འཛུགས་སོགས་ཕྱོགས་དང་སྒོ་ཐམས་ཅད་ནས་བོད་བསྟན་སྲིད་ཀྱི་ཁ་ལོ་ལེགས་ལམ་དུ་བཀྲི་རྒྱུའི་ཐུགས་བརྩོན་ཆེར་བསྐྱེད་གནང་བ་དང་ཆབས་ཅིག་མདོ་སྔགས་རིག་གནས་དང་བཅས་པའི་མཁས་པར་བྱ་བའི་གནས་མཐའ་དག་ལ་མཁྱེན་པའི་ཀློང་བརྡོལ་ཅིང་། གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱིས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན། གདན་གསུམ་མཁས་མང་གསེར་རིའི་ཕྲེང་བའི་དབུས་སུ་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་འཇོག་མཛད་དེ། རྒྱུ་སྐར་གྱི་ཁྲོད་ན་ཟླ་བ་དང་། རྐང་འཐུང་གི་ཚལ་ན་དཔག་བསམ་ཇི་བཞིན་མངོན་པར་འཕགས་ཤིང་། ཡུལ་དུས་རྣམ་པ་ཀུན་ཏུ་དགྲ་གཉེན་མཉམ་ཉིད་དུ་གཟིགས་པའི་བྱམས་བརྩེ་གཟིགས་པ་ཆེན་པོས་རྒྱ་དམར་བཙན་འཛུལ་བར་ཁ་གཏད་གདོང་ལེན་གཅོག་རྒྱུར་འཕྲལ་ཕུགས་གཟིགས་པ་ཆེན་པོས་འཚེ་མེད་ཞི་བའི་ཐབས་མཁས་ཐུགས་རྗེའི་མཛད་བྱུས་ལམ་སྟོན་མཛད་པའི་བཀའ་དྲིན་ལས་སྐྱེ་བོ་ཁྲི་ཕྲག་མང་པོ་དུས་མིན་རྐྱེན་འདས་སུ་འགྲོ་མི་དགོས་པའི་མི་འཇིགས་པའི་སྐྱབས་སྦྱིན་ཡང་དག་པར་མཛད།
འོན་ཀྱང་རྒྱ་དམར་གྱི་ཡ་ང་སྙིང་རྗེ་མེད་པའི་བཙན་འཛུལ་དང་བཙན་གནོན་གྱིས་བོད་ས་བཙན་ཕྲོགས་དང་བཙན་བཟུང་བྱས་པར་བརྟེན་འཕགས་པའི་ཡུལ་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་། རྐྱེན་ངན་གྲོགས་སུ་འཁྱེར་བའི་ཐབས་མཁས་ཐུགས་རྗེའི་འཕྲིན་ལས་ཀྱི་འཇུག་པ་རླབས་པོ་ཆེའི་མཐུ་ལ་བརྟེན་ནས་བྱེས་འབྱོར་བོད་གཞུང་གི་མང་གཙོའི་སྒྲིག་འཛུགས་དང་། ཆོས་དང་རིག་གཞུང་གི་བསྟི་གནས་དགོན་སྡེ་ཁག་དང་། སློབ་གྲྭ་དང་བཟོ་གཞིས་འཛུགས་སྐྲུན་སོགས་རིས་སུ་མ་ཆད་པའི་ཆོས་སྡེ་དང་བོད་མིའི་སྡོད་སྒར་ཕལ་མོ་ཆེར་ཞབས་ཀྱིས་བཅགས་ཤིང་། དེ་སྔོན་བཤད་གྲྭ་མེད་སར་འཆད་ཉན་དང་། བཤད་གྲྭ་ཁག་ཏུ་འཇོག་སྒོམ་ཉམས་བཞེས་དང་རིས་མེད་ཆོས་སྒར་ཁག་ཏུ་ཐ་སྙད་རིག་གནས་དང་སྐད་ཡིག་གིས་མཚོན་གནའ་དེང་ཟུང་འབྲེལ་གྱི་ཤེས་བྱའི་འཇུག་སྒོ་རྒྱ་ཆེར་ཕྱེ་བ། རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་ལ་དུས་ལས་ཡོལ་བ་མེད་པའི་གཟིགས་རྟོག་ལམ་སྟོན་དང་། རིས་མེད་ཆོས་བརྒྱུད་ཁག་གི་ཚད་ལྡན་དགེ་བའི་བཤེས་གཉེན་དུ་མ་རིགས་ཀྱི་ཅོད་པཎ་དུ་བསྟེན་ཏེ་བོད་བརྒྱུད་ནང་བསྟན་གྱི་དབང་ཁྲིད་ལུང་མན་ངག་གིས་ཐུགས་རྒྱུད་ཡོངས་སུ་གཏམས་པར་མཛད་དེ་བསྟན་པ་ཐམས་ཅད་འགལ་མེད་རོ་གཅིག་ཏུ་གཟིགས་ཤིང་རྒྱལ་བའི་གསུང་རབ་མ་ལུས་པ་གདམས་ངག་ཏུ་གྲུ་བཞི་ལམ་གྱིས་འཁྱེར་བའི་ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག་པོར་མངོན་པར་བཞེངས། རྒྱལ་བསྟན་རིན་པོ་ཆེའི་དག་ཐེར་དུ་དང་པོའི་འཇུག་སྒོ་སྐྱབས་ཡུལ་ངོས་ཟིན་དགོས་པ་ལ་ནན་ཏན་དུ་མཛད་དེ།
འཇིག་རྟེན་དྲེགས་པ་དང་གདུག་ཅན་དམ་སྲི་འབྱུང་པོར་སྐྱབས་སུ་འཆོལ་བའི་ལུགས་ངན་མ་དག་རྒྱུན་འབྱམས་སུ་འགྲོ་བ་སུན་འབྱིན་པ་ལ་རྒྱབ་རྟེན་ལུང་དང་། སྒྲུབ་བྱེད་ཀྱི་རིགས་པ་རྣོ་ངར་རྡོ་རྗེའི་མེ་ཆར་དུས་བབ་ཀྱི་དགོས་མཁོར་སྩལ་བས་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་དྲི་མ་དང་བྲལ་བར་མཛད། སྔོན་གྱི་དུས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དག་གི་བསྟན་བདག་བླ་ཆེན་རྣམ་པ་དུས་གཅིག་ལ་གདན་གྲལ་གཅིག་ཏུ་འཛོམས་ནས་རྒྱལ་བསྟན་བཤད་སྒྲུབ་གོང་སྤེལ་གྱི་བགྲོ་གླེང་མོལ་མཆིད་མཛད་པའི་བྱུང་རབས་ཙམ་ཡང་མཐོང་ཐོས་བྲལ་བ་ལ། མགོན་པོ་གང་གི་དབུ་ཁྲིད་ལམ་སྟོན་དང་ཐབས་མཁས་ཐུགས་རྗེ་ལས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པ་དང་། མཁན་བླ་དགེ་བཤེས་བཅས་ཞུགས་པའི་ཆོས་ཚོགས་ཐེངས་ ༡༢ པའི་བར་ཚོགས་པ་སོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དེ་བོད་བརྒྱུད་ནང་བསྟན་པ་རྣམས་དམ་ཚིག་འོ་ཆུ་གཅིག་འདྲེས་དང་། ཕན་ཚུན་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་པར་མ་ཟད། རྒྱལ་སྤྱིའི་ཆོས་ལུགས་ཆེ་ཕྲ་མང་པོ་ཞིག་དང་སེམས་ཐག་ཉེ་བའི་མཛའ་འབྲེལ་གསེར་གྱི་ཟམ་པ་བརྟན་པོར་བཙུགས། རིས་མེད་ཆོས་སྒར་ཁག་ཏུ་ཞབས་ཀྱི་པདྨོ་མངོན་པར་བཀོད་དེ་བཀའ་བསྟན་མདོ་སྔགས་ཀྱི་གཞུང་ཆེན་ཁག་སྤྱི་དང་། པཎ་གྲུབ་བཅུ་བདུན་གྱི་ལེགས་བཤད་ཟབ་ཅིང་རྒྱ་ཆེ་བ་མང་པོ། གསང་བདེ་གཉིས་དང་དམར་ནག་འཇིགས་གསུམ། དཔལ་དུས་ཀྱི་འཁོར་ལོ་སོགས་གསང་སྔགས་གསར་རྙིང་གི་གདམས་ངག་ཁག་དང་། ༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་ལེགས་བཤད་མན་ངག་གི་གསན་རྒྱུན་བདུད་རྩིའི་འབབ་རྒྱུན་དག་དང་། བཀའ་གདམས་གཞུང་དྲུག་དང་། ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱིས་གཙོས་པའི་ཆད་ལ་ཉེ་ཞིང་བདག་མེད་ལྟ་བུར་ལུས་པའི་གསུང་རབ་གདམས་ངག་གི་ཆོས་རྒྱུན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ལམ་བཟང་འཇིག་རྟེན་དུ་ཉི་མ་ལྟར་གསལ་བར་མཛད།
ཕྱི་ལོ་ ༡༩༦༠ ཟླ་ ༨ ཚེས་ ༣ ནས་ཕྱི་ལོ་ ༢༠༡༥ ལོའི་བར་བསྟན་པའི་རྩ་བ་འདུལ་བསྟན་རིན་པོ་ཆེའི་སྡོམ་ཁྲིམས་ཕོག་པའི་དགེ་སློང་གི་གྲངས་འབོར་ ༡༣༨༠༠ ལྷག་དང་། དགེ་ཚུལ་གྱི་གྲངས་འབོར་ ༣༩༨༠ དང་། ཡང་སྤྲུལ་བརྒྱ་ཕྲག་བཅུ་གསུམ་ལྷག་ཐུགས་ཐག་བཅད་པ་དང་། མ་འོངས་བོད་ཀྱི་སོན་རྩ་སློབ་གྲྭ་ཁག་ཏུ་རིགས་ལམ་དང་ནང་ཆོས་སློབ་པ་དང་། དམངས་ཁྲོད་དུ་ནང་ཆོས་གོ་རྟོགས་སྤེལ་ཐབས་སོགས་དུས་ཀྱི་མཐའ་འདིར་སངས་རྒྱས་ཀྱི་ཆོས་ལ་རྨོངས་དད་ཙམ་དུ་མ་སོང་བར་སློབ་གཉེར་གྱིས་དད་པའི་རྗེས་སུ་འབྲངས་ཏེ། རྡུལ་ཁྲོད་དུ་ཕྱག་མཆོད་ཐོད་པས་གཏུགས་པའི་རྟེན་ཙམ་གཉན་པོ་གསང་བ་ལྟར་ལྷགས་པའི་བཀའ་བསྟན་ཁག་དང། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་གསར་སྒྲིག་དཔེ་ཀློག་སློབ་གཉེར་གྱི་ལམ་སྟོན་རྒྱ་ཆེར་མཛད་པས། རང་རིགས་ཙམ་དུ་མ་ཟད་སྔོན་གྱི་དུས་སུ་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་གོ་མ་མྱོང་བའི་ཡུལ་ལུང་ཐ་དད་པའི་མི་རིགས་རྣམས་ཀྱང་བཀའ་བསྟན་ཁག་གིས་གཙོས་པའི་བོད་ཀྱི་སྐད་ཡིག་ཏུ་འཁོད་པའི་རྨད་དུ་བྱུང་བའི་ལེགས་བཤད་རྣམས་རང་སྐད་དུ་བསྒྱུར་ཅིང་འཆད་ཉན་གྱིས་འཇུག་པའི་ལམ་དུ་ཞུགས་དང་འཇུག་བཞིན་པ་ནི། སངས་རྒྱས་འཇིག་རྟེན་དུ་སླར་ཡང་བྱོན་པ་ལས་ཀྱང་དུས་ཀྱི་མཐའ་འདིར་བཀའ་དྲིན་གྱི་ཕུང་པོ་ལྷག་པར་ལྕི་ཞིང་། འཛམ་གླིང་གི་ཆོས་ལུགས་དང་། ཚན་རིག་དང་ལྟ་གྲུབ་སྨྲ་བ་མང་པོས་བཀུར་ཅིང་། དམིགས་བསལ་ཁུར་དུ་ཁྱེར་བའི་མཛད་བཟང་རྣམ་གསུམ་གྱིས་མཚོན་ཞལ་དབུགས་ཀྱི་རྒྱུ་བ་ཕྲ་མོ་རེ་ཡང་གཞན་དོན་འབའ་ཞིག་ཏུ་གཞོལ་ཞིང་འབབ་པ་དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་དང་། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལམ་བཟང་འཛམ་གླིང་ཕྱོགས་ཀུན་ཏུ་ཁྱབ་པར་སྤེལ་བས་སྔ་གཞུག་ཏུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རི་དང་ཨིང་ལན། ཁེ་ན་ཊ་སོགས་སྟོབས་ཆེན་རྒྱལ་ཁབ་མང་པོས་མགོན་པོ་གང་གི་སྐུའི་མཛད་སྤྱོད་དང་། གསུང་གི་ནུས་ཤུགས། ཐུགས་ཀྱི་མཁྱེན་བརྩེ་སོགས་ངོས་འཛིན་ཆེ་མཐོང་མཚོན་པའི་ཆེས་མཐོའི་གཟེངས་རྟགས་རྣམས་ཕན་ཚུན་འགྲན་པ་ལྟར་འབུལ་བཞེས་མཛད་པའི་ལོ་རྒྱུས་དག་ནི་ས་ཆེན་པོ་འདིའི་ལོ་རྒྱུས་ནང་བྱུང་མ་མྱོང་བ་དང་འབྱུང་དཀའ་བ་སོགས་བོད་མི་རིགས་ཀྱི་དེབ་ཐེར་ནང་ཇི་སྲིད་བསྐལ་པའི་བར་དུ་ངོམ་སོ་བྱེད་ཆོག་པའི་བཀའ་དྲིན་དུ་གྱུར།
སྐུ་ན་ཤིན་ཏུ་ཕྲ་མོའི་དུས་ནས་གཞུང་སའི་སྒྲིག་འཛུགས་ལེགས་བཅོས་གཏོང་བཞེད་ཀྱི་རླབས་ཆེན་དགོངས་གཞི་དག་བཙན་བྱོལ་གྱི་གནས་བབ་འོག་མ་མཛངས་མས་བུས་པ་གསོ་སྐྱོང་བྱེད་པ་ལྟར་ཞི་དྲག་ཐབས་མཁས་ཐུགས་རྗེ་ལས་མང་གཙོའི་ལམ་བཟང་དུ་རིམ་གྱིས་ཁྲིད་ཅིང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་གྱི་འཇུག་ངོགས་གསལ་བར་མཛད་པ་སོགས་ད་ཆར་རིང་ནས་ཐུགས་ལ་བརྣགས་པའི་བཞེད་རྒུ་མཐའ་དག་འཛམ་གླིང་ཀུན་གྱིས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་པ་སོགས་མདོར་ན། བོད་གངས་ཅན་པའི་ཆོས་དང་རིག་གཞུང་ཆབ་སྲིད། མི་རིགས་དང་བཅས་པར་རང་དབང་དང་། ཞི་བདེ་མཉམ་གནས་བཅས་དར་རྒྱས་ཡུན་བརྟན་ཡོང་ཐབས་སོགས་རླབས་ཆེན་མཛད་འཕྲིན་ཆུ་བོའི་རྒྱུན་བཞིན་བསྐྱངས་དང་སྐྱོང་བཞིན་པ་ནི། རང་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་ལྷག་པར་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་བཀའ་དྲིན་གསབ་ཐབས་བྲལ་བ་དང་། དུས་ནམ་ཡང་བརྗེད་མི་སྲིད་པར་བཀའ་དྲིན་བསམ་ཤེས་ཞུ་དགོས་པ་ཞིག་ཆགས་ཡོད་པར་མ་ཟད། ད་དུང་བསྐལ་པ་ཇི་སྲིད་ནམ་གནས་ཀྱི་བར་དུ་བརྩེ་ཆེན་ཐུགས་རྗེའི་ཀློང་ནས་དུས་ནམ་ཡང་མི་འདོར་བར་རྗེས་སུ་གཟུང་དུ་གསོལ་ཞེས་ཞུ་རྒྱུའི་གྲོས་ཆོད་ཅིག་འཇོག་རྒྱུ་དུས་ཀྱི་དགོས་མཁོར་མཐོང་།
གྲོས་ཆོད།
ཀ༽ མགོན་པོ་གང་ཉིད་ནས་འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། ལྷག་པར་བོད་བསྟན་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་ད་ཆ་ཕྱི་ལུགས་དགུང་གྲངས་༨༠ ཕེབས་ཀྱང་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་འཇམ་མགོན་རྒྱལ་བ་གཉིས་པ་སླར་ཡང་འཇིག་རྟེན་དུ་བྱོན་པ་ལྟར། མཛད་བཟང་རྣམ་གསུམ་གྱིས་མཚོན་གུས་ཅག་ཐབས་མཁས་ཐུགས་རྗེས་བསྐྱངས་དང་སྐྱོང་བཞིན་པ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། བཀའ་དྲིན་རྣམས་བརྗེད་མེད་སྙིང་བཅངས་སྔ་ཕྱིའི་རྩ་ཆེའི་བཀའ་སློབ་ལམ་སྟོན་རྣམས་ལག་ལེན་ཐོག་ཁེལ་ཐུབ་པ་ཞུ་རྒྱུ།
ཁ༽ བསྟན་འགྲོའི་ཕན་བདེ་མཐའ་དག་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་མཛད་འཕྲིན་གྱི་རྗེས་སུ་འགྲོ་ལྡོག་གྲུབ་པས།གང་སྐུ་བསྐལ་པ་རྒྱ་མཚོར་རྟག་ཏུ་བརྟན་ཅིང་།ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བ་དང་། མཛད་འཕྲིན་མུ་མཐའ་མེད་པར་སྐྱོང་བཞེས་ཀྱིས་ཚེ་རབས་ཀྱི་ཕྲེང་བར་རྗེས་སུ་འཛིན་ཅིང་།བླང་དོར་ལམ་སྟོན་གྱི་ཕེབས་སྒོ་དུས་རྟག་ཏུ་གཡེལ་བ་མེད་པར་བཀའ་དྲིན་དུ་སྐྱོང་བཞེས་ཡོང་བའི་གསོལ་འདེབས་ཞུ་རྒྱུ།
ག༽ མགོན་པོ་གང་གི་སྐུ་ཡི་ཕྲེང་བར་མ་ཡིས་བུ་བཞིན་བསྐྱངས་པའི་གཞུང་ས་དགའ་ལྡན་ཕོ་བྲང་གི་རྒྱུན་བཟང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་གྱི་ཐོག་སྔར་བཞིན་ཤར་བསྐྱོད་ཀྱིས་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ།
ང་༽ མགོན་པོ་གང་གི་བྱམས་བརྩེའི་བཀའ་སློབ་ལམ་སྟོན་རྣམས་དུས་རྟག་ཏུ་སྙིང་བཅངས་ཀྱིས་བཀའ་བཞིན་སྒྲུབ་པ་ལྷུར་ལེན་བྱེད་རྒྱུ་དང་། ཕྱི་ལོ་༢༠༡༥།༦།༢༡ ནས་༢༠༡༦།༦།༢༡ བར་ལོ་གཅིག་རིང་༸རྒྱལ་བའི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་གཞིར་བཟུང་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུ།
ཅ༽ དོལ་རྒྱལ་བསྟེན་གསོལ་བྱེད་མཁན་སྤྱི་སྒེར་གང་ཡིན་རུང་། རི་བོ་དགེ་ལུགས་པ་དང་བཀའ་གདམས་གསར་མ་གང་ཡང་མིན་པར་མ་ཟད། བོད་གངས་ཅན་གྱི་ཆོས་བརྒྱུད་གང་གིའང་ཁོངས་གཏོགས་མིན་པ་བསྐྱར་ནན་བརྗོད་རྒྱུ་དང་། བསྟན་འགྲོ་སྤྱི་དང་ལྷག་པར་དཔལ་ནཱ་ལེན་དྲའི་སྲོལ་རྒྱུན་བོད་བརྒྱུད་ནང་བསྟན་ཕན་ཚུན་མཐུན་ལམ་དང་།བསྟན་པའི་འཇུག་སྒོར་གནོད་ཚབས་ཆེ་བའི་དོལ་རྒྱལ་རྗེས་འབྲང་པའི་སྔ་ཕྱི་བར་གསུམ་གྱི་བྱེད་སྤྱོད་དང་། ད་ལྟའི་ཆར་ཁོ་ཚོས་རྒྱལ་སྤྱིའི་ཡུལ་ལུང་དུ་མར་༸གོང་ས་མཆོག་ཆིབས་བསྒྱུར་སྐབས་གཞི་མེད་སྐྱོན་འཛུགས་ཀྱི་སྒོ་ནས་མཚན་སྨད་ངོ་རྒོལ་ཞུས་དང་ཞུ་བཞིན་པར་ངོས་ལེན་མེད་པའི་ལངས་ཕྱོགས་གསལ་སྟོན་ཐོག དགེ་ལུགས་ཚོགས་ཆེན་འདི་བརྒྱུད་ནས་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་སྔ་རྗེས་བཞི་བསྣོལ་འཇོག་གནང་པའི་འབྲུ་དོན་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་ཆོས་ཚོགས་ཐེངས་ ༡༠ དང་།ཐེངས་ ༡༢ པར་བཞག་པའི་གྲོས་ཆོད་བཅས་ལ་རྒྱབ་སྐྱོར་ཞུས་ཏེ། མགོན་པོ་གང་ཉིད་ནས་དམ་སྲི་དོལ་རྒྱལ་བསྟེན་གསོལ་གྱི་སྤང་བླང་ལམ་སྟོན་མཛད་དང་མཛད་བཞིན་པར་བཀའ་དྲིན་རྗེས་སུ་དྲན་ཅིང་མངོན་པར་བསྟོད་དེ་ཅི་གསུང་བཀའ་སྒྲུབ་དགའ་སྒོམ་ཐོག་མུ་མཐུད་ཞུ་རྒྱུ།
ཆ༽ གདན་ས་གྲྭ་ཚང་བཅུ་གཅིག་གིས་མཚོན་དབུས་དང་ས་གནས་ཀྱི་རི་བོ་དགེ་ལུགས་པའི་དགོན་སྡེ་ཡོངས་ནས་རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་བརྩི་བཀུར་ཐོག་ཕན་ཚུན་འབྲེལ་ལམ་དམ་ཟབ་རྡོག་རྩ་གཅིག་སྒྲིལ་གྱིས་དགེ་ལུགས་སྤྱིའི་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་དུས་རབས་དང་མཐུན་པ་ཞིག་ཡོང་ཐབས་ལ་ཕྱོགས་དང་སྒོ་ཀུན་ནས་འབད་བརྩོན་ཐོག་ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་བཤད་སྒྲུབ་གཉིས་ཀྱིས་སྔར་ལྷག་གོང་སྤེལ་གཏོང་རྒྱུ།
ཇ༽ ཚོགས་ཆེན་འདིའི་ཐོག་བཞག་པའི་གྲོས་ཆོད་དང་། ཚོགས་ཆུང་དྲུག་གིས་བསམ་ཤོག་རྒྱབ་གཉེར་སྙན་ཐོ་ཁག་དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ལ་འབུལ་བཞེས་ཀྱིས་ཕྱག་བསྟར་མཇུག་གནོན་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས།
བོད་རྒྱལ་ལོ་༢༡༤༢ ཕྱི་ལོ༢༠༡༥ ཟླ་༦ ཚེས་༢༤ ལ།