༢༠༡༥ ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་གྱི་མཛད་སྒོ་ཉིན་གཉིས་པར་ཆེད་དུ་ཆིབས་སྒྱུར་བསྐྱངས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཇོ་ནང་བཅས་ཀྱི་བླ་ཆེན་བསྟན་བདག་རྣམ་པ་དང་། སྐུ་ཚབ་རྣམ་པ་བཅས་ཀྱིས་༸གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་གསུང་བཤད་ཁག་སོ་སོར་གནང་བའི་ནང་། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མ་འདྲེས་པའི་མཛའ་བཤེས་ཆེན་པོ། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་དེ་རིང་དགུང་གྲངས་བརྒྱད་ཅུར་ཕེབས་པའི་མཛད་སྒོ་གྲ་རྒྱས་ཕུན་སུམ་ཚོགས་པ། ཤིན་ཏུ་ནས་དགའ་དད་ཆེན་པོའི་ངང་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་ཤོག་ལྷེ་གསར་པ་ཞིག་ཕྱེད་པ་འདི་ལ་དེ་རིང་ངས་སྐབས་དང་བསྟུན་ནས་སྙིང་ཁོངས་རུས་པའི་གཏིང་ནས་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ང་ཚོ་འདིར་༸སྐུའི་གྱ་སྟོན་གྱི་ཉིན་མོ་འདི་ལ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་མཁྱེན་གཟིགས་ཆེན་པོ་སྐུ་ཁམས་གསལ་བཞིན། སྐུ་མཐོང་གྲོལ་རིན་པོ་ཆེ་བདག་ཅག་གི་མདུན་དུ་ཞལ་མཇལ་གསུང་ཐོས་པ་དང་། ཁོང་གི་མཛད་པ་དེ་བཞིན་ཡར་ངོའི་ཚེས་བཅོ་ལྔའི་ཟླ་ལྟར་ཆ་ཤས་ཡོངས་སུ་རྫོགས་ནས་བཞུགས་པ་དེར་ང་ཚོ་ཧ་ཅང་གི་བསོད་ནམས་ཆེན་པོ་ཞིག་མ་རེད་དམ། ང་ཚོ་འདི་འདྲའི་དགའ་བ་ལ། ང་ཚོ་འདི་འདྲའི་སྐྱིད་པ་ལ།
དེ་རིང་ང་ཚོ་འདིར་ཡོད་པའི་བོད་མིས་གཙོས་པའི་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་རྫོགས་ཀྱི་བསོད་ནམས་ཤིག་ཡིན་པ་མ་ཟད། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་གྱུར་ཡོད། དེ་ཙམ་མ་ཟད་དེ་རིང་འཛམ་གླིང་འདིའི་ནང་ཡོད་པའི་བྱ་དང་རི་དྭགས། སྲོག་ཆགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཤིག་དང་བསྐལ་པ་ཞིག་ཏུ་གྱུར་ཡོད། དེའི་རྒྱུ་མཚན་གང་ཡིན་ཟེར་ན། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དེ་༸རྒྱལ་བའི་གསུང་རབ་ཕར་རོལ་དུ་ཕྱིན་པ་སྟོང་ཕྲག་རྒྱས་འབྲིང་བསྡུས་གསུམ་གྱི་སྙིང་པོའི་སྙིང་པོ་རུ་གྱུར་པ། ཤེས་རབ་ཀྱི་ཕར་རོལ་དུ་ཕྱིན་པའི་ཤེར་སྙིང་གི་ནང་ལ། སྟོང་ཉིད་སྙིང་རྗེའི་རང་གཟུགས་སུ་བྱོན་ནས་སྐྱེ་འགྲོ་རྣམས་ལ་མ་འདྲིས་པའི་མཛའ་བཤེས་ཆེན་པོར་གྱུར་ཡོད། ཁོང་གི་སྟོང་ཉིད་སྙིང་རྗེ་ཆེན་པོ་དེའི་རང་བཞིན་ལ་དཔག་པའི་ས་སྟེང་སྐྱེ་འགྲོ་འདིའི་ནང་ལ། རང་ཅག་ཁ་བ་རི་པའི་བོད་མིས་མཚོན་ས་སྟེང་མི་མང་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་གྱིས་དགོས་པ་དེའི་ཐོག་ལ། ད་ལྟ་དགུང་ལོ་བརྒྱད་ཅུར་ཕེབས་པའི་བར་དུ་སྐུ་ལས་བསྐྱོན་ནས་འགྲོ་བ་མི་ཡོངས་ཁྱབ་ཀྱི་ཆེད་དུ་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་དེར། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་ཆེ་བསྟོད་དང་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་པ་ཞིག་རེད། འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ་སྐྱོང་རྒྱུ་དེའང་འཚེ་མེད་ཞི་བའི་ལམ་བུའི་ཐོག་ཏུ་བསྐྱོད་ནས་སྐྱོང་བཞིན་པ་རེད། ཅེས་སོགས་གསུངས་པ་དང་སྦྲགས། ༸གོང་ས་མཆོག་གི་ཕྱི་ནང་གསང་གསུམ་གྱི་རླབས་ཆེན་མཛད་འཕྲིན་ལ་ཆེ་བསྟོད་ཞུས་པ་དང་ཆབས་ཅིག་གསོལ་འདེབས་སྨོན་ལམ་གསུང་དོན། མཐའ་དོན་ད་རེས་གཞིས་ལུས་བོད་མི་མང་དང་དེ་རིང་འདིར་དངོས་སུ་ཚོགས་བཅར་མ་བྱུང་བའི་མི་ཁྲི་ཕྲག་དང་འབུམ་ཕྲག་མང་པོས་གྱ་སྟོན་གྱི་དགའ་སྟོན་ལ་མཉམ་ཞུགས་བྱས་ནས་བསྡད་ཡོད། དེ་རིང་འདིར་དེ་ཚོ་ཚང་མའི་ཚབ་ཞུས་ནས་ངས་གསོལ་འདེབས་ཚིག་གསུམ་ཞུ་ཆོག་པའི་གནང་བ་ཞིག་གནང་རོགས་གནང་ཞུ་རྒྱུ་ཡིན།
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱད་ཅུ་ལ་ཕེབས་ནས། ཁོང་གི་མཛད་འཕྲིན་འཛམ་གླིང་གི་ས་ཕྱོགས་གང་སར་མ་ཁྱབ་པ་མེད། དཔེར་ན། ནམ་མཁའི་རྟ་བདུན་དབང་པོ་ལྟ་བུ་གཟི་འོད་འདི་གང་སར་རིས་སུ་མ་ཆད་པར་ཁྱབ་པ་ཞིག་རེད། ཡིན་ཡང་ད་ལྟ་དགུང་ལོ་བརྒྱད་ཅུར་ཕེབས་ཡོད་སྟབས་ང་ཚོས་གསོལ་བ་གདབ་རྒྱུ། དང་པོ་དེ་ལ། སྐུ་ཉིད་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་ནས་སྐུ་ཚེ་བསྐལ་བརྒྱར་ནས་བསྐལ་བརྒྱའི་བར་ཞབས་པད་བརྟན་པ་གནང་རོགས་གནང་ཞེས་གསོལ་བ་གདབ་རྒྱུ་གཅིག་དེ་ཡིན། གཉིས་པ། དེང་གི་བར་འགྲོ་བ་སེམས་ཅན་ཐམས་ཅད་ལ་མ་འདྲིས་པའི་མཛའ་བཤེས་ཆེན་མོས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཉོན་མོངས་པའི་ཚ་དྲོད་ཐམས་ཅད་ཅི་ནས་ཞུམ་འཛད་ཡོད། ཡིན་ཡང་ད་དུང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཡང་ནས་ཡང་དུ་བསྐོར་རོགས་གནང་ཞེས་གསོལ་བ་འདེབས་རྒྱུ་ཡིན། གསུམ་པ། ཁྱེད་དགུང་ལོ་བཅུ་དྲུག་ནས་ད་ལོ་བརྒྱད་ཅུ་ཕེབས་ཐོག་བར་བོད་མི་མང་སྤྱི་དང་འཛམ་གླིང་མི་མང་དོན་དུ་སྐུ་ངལ་མང་པོ་བསྐྱོན་སོང་བས། ད་ལྟ་ཁྱེད་དགུང་ལོ་བརྒྱད་ཅུར་ཕེབས་པར་བརྟེན་ཏོག་ཙམ་སྐུ་ངལ་གསོ་རོགས་གནང་། ཐུགས་ལྷོད་ལྷོད་མཛད་ནས་བཞུགས་རོགས་གནང་ཞུ་རྒྱུ་ཡིན། བཀའ་དྲིན་ཆེ། བཀའ་དྲིན་ཆེ། བཀའ་དྲིན་ཆེ། ཞེས་གསུང་བཤད་གནང་ཡོད།།