༢༠༡༥ ཟླ་ ༦ ཚེས་་༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་གྱི་མཛད་སྒོ་ཉིན་གཉིས་པའི་སྐབས་དང་བསྟུན། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲཱ་སིངྒ་ Shri. Virbhadra Singh མཆོག་གིས་མགོན་པོ་གང་ཉིད་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་ལ་འཚམས་འདྲི་ཞུ་ཆེད། ༸གོང་ས་མཆོག་གི་བཞུགས་སྒར་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་བསྟི་གནས་ཡོད་ས། མེག་གྷན་ནས་རྡ་ཤོད་བར་གྱི་འགྲོ་ལམ་དེར་ད་ཆ་པོ་ཏ་ལ་གཞུང་ལམ། (Potala Road) ཞེས་མིང་བྱང་གནང་འདུག སྤྱིར་པོ་ཏ་ལ་གཞུང་ལམ། ཞེས་པའི་མིང་བྱང་འདི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དགོངས་ཚུལ་ཡིན་འདུག་པ་དང་། དེ་སྔ་དེའི་སྐོར་སྲིད་སྐྱོང་མཆོག་གིས་ས་གནས་འབྲེལ་ཡོད་རྒྱ་གར་ལས་ཁུངས་ཀྱི་ལས་བྱེད་རྣམས་དང་གོ་བསྡུར་ལན་མང་གནང་མཐར་ཐེངས་འདིར་ས་གནས་རྫོང་དཔོན་མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་བཅས་ཚང་མས་སྤྱི་མོས་ཐོག་ལམ་དེར་པོ་ཏ་ལ་གཞུང་ལམ། ཞེས་མིང་བྱང་གནང་རྒྱུར་མོས་མཐུན་བྱུང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་གནང་དོན། ངོས་ཀྱིས་ཐེངས་འདིར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་མི་མང་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་པ་དང་སྦྲགས། དགུང་གྲངས་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་འཁྲུངས་སྐར་ལའང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་ཏེ་བློན་ཆེན་མཆོག་དང་གཞུང་མང་གཉིས་ཀྱིས་མངའ་སྡེའི་ནང་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས་འདུག སྤྱིར་པོ་ཏ་ལ་གཞུང་ལམ་དེའི་རིང་ཚད་ནི་མེག་ལོར་གྷན་ཇི་ནས་གངས་སྐྱིད་བརྒྱུད་རྡ་ཤོད་བོད་ཁྱིམ་སློབ་གྲྭ་བར་ཡིན་འདུག དེ་ལྟར་མངའ་སྡེ་གཞུང་གི་བློན་ཆེན་མཆོག་ནས་བོད་མི་སྐྱབས་བཅོལ་བའི་བསྟི་གནས་༸གོང་ས་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཀྱི་ཕེབས་ལམ་གྱི་མིང་བྱང་ལ་དེ་ལྟ་བུའི་པོ་ཏ་ལ་གཞུང་ལམ་ཞེས་བོད་ཀྱི་མིང་བྱང་གནང་བ་ནི་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན། དཔེར་ན། རང་རེའི་རྒྱལ་ས་ལྷ་ས་ལྟ་བུར་མཚོན་ན་དེང་གི་འཆར་དེ་སྔ་སྲོལ་རྒྱུན་གྱི་མིང་བྱང་རྣམས་དོར་ཏེ་པེ་ཅིང་ལམ་དང་། ཧྲང་ཧེ་ལམ་སོགས་རྒྱའི་གྲོང་ཁྱེར་གྱི་མིང་སྣ་ཚོགས་བཏགས་ཡོད་པ་གཟིགས་ཚེ། རྒྱ་གར་དབུས་གཞུང་དམངས་ནི་བོད་མིར་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པ་ར་སྤྲོད་ཐུབ་ཡོད། དེ་བཞིན་ཐེངས་འདིར་༸གོང་ས་མཆོག་གི་སྐུའི་གྱ་སྟོན་དང་སྦྲགས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་བརྩོན་ལ་བརྟེན། དེ་ལྟ་བུའི་གཏམ་བཟང་བྱུང་བར་བོད་མི་རྣམས་སྤོབས་སེམས་སྐྱེ་འོས་པ་ཞིག་ཡིན།།
ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་རྡ་སར་པོ་ཏ་ལ་གཞུང་ལམ་ཞེས་མིང་བྱང་གནང་བ།
གསར་གནས།
འབྲེལ་གནས།