༢༠༡༠ ཕྱི་ཟླ་ ༤ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོལ་ཝི་ནི་ཡའི་གྲོང་ཁྱེར་མ་རི་བྷོར་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་སུད་སིར་ཆིབས་ཞལ་བསྒྱུར། དེ་ཡང་ཚེས་ ༧ ཉིན་མགོན་པོ་གང་ཉིད་མཆོག་སུད་སིའི་གྲོང་ཁྱེར་ཛུ་རིཀ་གནམ་ཐང་དུ་༸ཞབས་སོར་བཀའ་དྲིན་ཆེ་བ་འཁོད་སྐབས་ས་གནས་རྒྱ་གར་གཞུང་ཚབ་པ་སྐུ་ཞབས་ཨ་ཇ་ནི་ཤ་ཀུ་མར་ (Ajaneesh Kumar) ལགས་དང་སུད་སིའི་རེ་ཀོན་ཆོས་འཁོར་གླིང་དགོན་པའི་མཁན་རིན་པོ་ཆེ་མཆོག དེ་བཞིན་སུད་སིའི་བོད་གཞུང་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱི་གཙོས་བོད་མི་རྣམས་དང་དེ་བཞིན་འབྲེལ་ཡོད་མི་སྣ་ཚོས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་རྗེས་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་ཧ་ཡེ་ཊ་པཀ་ (Hyatt Park) དུ་༸ཞབས་སོར་འཁོད་སྐབས་ས་གནས་བོད་མི་ཚོས་བཞུགས་གནས་མགྲོན་ཁང་གི་མདུན་དུ་བཀྲ་གཤིས་ཞོལ་པ་འཁྲབ་སྟོན་གྱིས་གཟིགས་འབུལ་ཐོག་མགོན་པོ་གང་ཉིད་མཆོག་ལ་དད་གུས་སྤྲོ་གསུམ་གྱི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཚེས་ ༨ ཉིན་མགོན་པོ་གང་ཉིད་མཆོག་རེ་ཀོན་ཆོས་འཁོར་གླིང་དགོན་པར་ཆིབས་སྒྱུར་བསྐྱངས་ཏེ་སུད་སི་དང་རྒྱ་གར། དེ་བཞིན་བལ་ཡུལ་བཅས་ཀྱི་གཞུང་མང་གཉིས་ནས་མི་ལོ་ ༥༠ རིང་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་ལྷན་ཞུགས་མཛད་ཡོད། ཚེས་ ༩ ནས་ ༡༡ བར་ས་གནས་དེར་སེམས་དང་སྲོག་ཅེས་པའི་ཚན་རིག་དང་ནང་ཆོས་ཀྱི་བགྲོ་གླེང་ཚོགས་འདུར་མགོན་པོ་གང་ཉིད་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག དེ་བཞིན་དཔལ་འབྱོར་ལམ་ལུགས་ནང་གཞན་ཕན་དང་བྱམས་བརྩེའི་ཉམས་ལེན། ཞེས་པའི་བརྗོད་གཞིའི་ལྷན་ཚོགས་དེར་དཔལ་འབྱོར་དང་ཚོང་ལས་སྡེ་ཚན་གྱི་ཚོགས་མི་དང་། སེམས་ཁམས་རིག་པའི་ལྟ་གྲུབ་་བ། སྒོམ་སྒྲུབ་ཉམས་ལེན་པ། ཕྱོགས་མཚུངས་མི་རིགས་དཔྱད་ཞིབ་པའི་མཁས་དབང་། ཀླད་ཁམས་ཚན་རིག་པ་བཅས་ལྷན་འཛོམས་གནང་རྒྱུ་ཡིན་འདུག
ཚེས་ ༡༠ སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོར་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག ཚོགས་འདུར་མཉམ་ཞུགས་གནང་མཁན་རྒྱལ་ཁབ་ ༡༡ ནས་འཐུས་མི་གྲངས་ ༡༥༠ ཙམ་འདུ་འཛོམས་གནང་རྒྱུ་ཡིན་པ་རེད།
དེ་ཉིན་གྱི་ཉིན་རྒྱབ་སུད་བོད་མཛའ་འབྲེལ་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་མི་མང་འདུ་འཛོམས་ཀྱི་མཛད་སྒོར་མགོན་པོ་གང་ཉིད་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ཁྱབ་འགན་ཁུར་དང་དཔལ་འབྱོར། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་འཆར་ཡོད་པ་དེར་མི་མང་གྲངས་ ༧༥༠༠ ཙམ་འདུ་འཛོམས་གནང་རྒྱུ་ཡིན་འདུག དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་སུད་སི་དང་ལེཀ་ཊེན་སི་སྤྲ་ཡིན་ (Liechtenstien) ནང་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་དང་གསུང་བཤད་གནང་རྒྱུ་ཡིན་འདུག ཕྱི་ཟླ་ ༤ ཚེས་ ༡༢ ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག་པ་བཅས།།