༢༠༡༥ ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་མཛད་སྒོ་ཉིན་གཉིས་པའི་སྐབས་ཏེ། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བའི་སྔ་དྲོ་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷདྲཱ་སིངྒ་མཆོག་གིས་གསུང་བཤད་གནང་དོན། འཛམ་གླིང་སྤྱི་དང་ལྷག་པར་རྒྱ་གར་ནང་དད་གུས་ཧ་ཅང་ཆེན་པོ་ཞུ་བཞིན་པའི་དབུ་ཁྲིད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དེ་བཞིན་བཀའ་བློན་རྣམ་པ་དང་། མཛད་གཙོ་རྣམ་པ། ཧི་མཱ་ཅལ་མངའ་གཞུང་གི་མཛད་གཙོ་རྣམ་པ། གཞན་ཡང་དེ་རིང་འདིར་འདུ་འཛོམས་གནང་བའི་སྐུ་མགྲོན་ཡོངས་ལ་ཐོག་མར་ངོས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་ནས་དེ་རིང་མགོན་པོ་གང་ཉིད་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་ཞུ་རྒྱུ་དང་།
མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་གཞིས་བྱེས་བོད་མི་ཙམ་མ་ཟད། འགྲོ་བ་ཀུན་ལ་ཐུགས་བརྩེས་ལམ་སྟོན་མུ་མཐུད་མཛད་རྒྱུའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན། ༸གོང་ས་མཆོག་ནི་བོད་མིའི་དབུ་ཁྲིད་ཙམ་མ་ཟད། འཛམ་གླིང་ཁྱོན་དུ་འཚེ་མེད་ཞི་བ་དང་། བྱམས་བརྩེ། འཆམ་མཐུན་སོགས་གོང་སྤེལ་གཏོང་གནང་མཛད་མཁན་གྱི་དབུ་ཁྲིད་གཅིག་ཡིན་པར་འཛམ་གླིང་ཡོངས་སུ་ངོས་འཛིན་ཞུ་བཞིན་ཡོད། མགོན་པོ་གང་ཉིིད་མཆོག་དང་བོད་མིའི་སྒྲིག་འཛུགས་གཉིས་འདི་ག་ཧི་མཱ་ཅལ་པར་དེ་ཤིའི་མངའ་སྡེའི་ས་གནས་རྡ་རམ་ས་ལར་རྟེན་གཞི་མཛད་པ་དེར་ངོས་རང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིག་ཡིན་པའི་ངོས་ནས་ཧ་ཅང་དགའ་སྤོབས་ཀྱི་ཚོར་སྣང་ཞིག་ཡོང་བཞིན་འདུག སྐུ་ཉིད་མཆོག་ནི་དུས་ཚོད་དཀའ་ངལ་ཧ་ཅང་ཉག་ཕྲའི་འོག་ཞི་བདེ་དང་བཟང་སྤྱོད་ཀྱི་རིན་ཐང་ཐོག་དགོངས་བཞེས་རྒྱ་ཆེན་པོ་མཛད་མཁན་ཞིག་དང་རང་དབང་དང་དྲང་བདེན་ཆེད་འཐབ་རྩོད་ཡུན་རིང་རྒྱུན་སྐྱོང་མཛད་མཁན་གྱི་དབུ་ཁྲིད་ཞིག་ཀྱང་ཡིན་སྟབས། ང་ཚོས་སྐུ་ཉིད་མཆོག་ལ་དགའ་ཚོར་ཆེན་པོས་གུས་བཀུར་བསྔགས་བརྗོད་ཞུ་རྒྱུ་ཡིན། ལོ་རྒྱུས་ཐོག་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་། བོད། དེ་བཞིན་ངོས་ཀྱི་མེས་པོ་གོང་མ་ཚོའི་རྒྱལ་ཕྲན་དབར་ཚོང་དང་འཆམ་མཐུན་གྱི་འབྲེལ་བ་གཏིང་ཟབ་ཀྱི་ལོ་རྒྱུས་བྱུང་མྱོང་ཡོད། ངོས་ཀྱིས་དེ་རིང་གི་དུས་ཚིགས་ཁྱད་པར་ཅན་གྱི་གོ་སྐབས་འདི་བཟུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཅིང་འཛམ་གླིང་སྤྱི་དང་། ལྷག་པར་འཕགས་ཡུལ་གྱི་སྐྱེ་འགྲོ་རྣམས་ལ་འཚེ་མེད་ཞི་བ་དང་དྲང་བདེན་གྱི་ལམ་སྟོན་མཛད་གནང་ཡོང་བ་ཞུ་རྒྱུ་དང་། སྐུ་ཉིད་མཆོག་གིས་བོད་ཀྱི་བདེན་དོན་ཆེད་འཚེ་མེད་ཞི་བའི་འཐབ་རྩོད་ལམ་ལྷོང་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་པའི་གསུང་བཤད་གནང་ཡོད།།