༢༠༡༠ ཟླ་ ༨ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་པ་ཁག་གཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་གཙོ་བོ་གྱུར་བའི་ཕྱི་ནང་མི་མང་རྣམས་ལ་རྡོ་རྗེ་གཅོད་པའི་ཆོས་འབྲེལ་སྩལ་ཡོད།
དེ་ཡང་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཀོ་རི་ཡའི་མཁན་པོ་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་ཀོ་རི་ཡའི་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་བསྟུན་བོད་སྐད་ཐོག་ནས་ཞལ་འདོན་གསུངས། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་ཀོ་རི་ཡའི་ཆོས་ཞུ་བ་ ༤༣༠ ཙམ་དང་། བོད་རིགས ༣༥༠༠ དེ་བཞིན་ཕྱི་རྒྱལ་མི་རིགས་བཅས་ཁྱོན་མི་གྲངས་ ༤༠༠༠ བརྒལ་བ་རྣམས་ལ་ཐོག་མར་ནང་ཆོས་ངོ་སྤྲོད་མཛད་དོན། གཏན་ཚིགས་ཀྱིས་གྲུབ་མི་དགོས་པར་ང་ཚོ་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་སོ་སོས་ཤེས་པ་ག་རེ་རེད་དམ་བརྗོད་ན། ང་ཚོར་བདེ་སྡུག་གི་ཚོར་བ་ཞིག་ཡོད་པ་དེའི་ཐོག་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡོང་གི་ཡོད་པ་དེ་ནི་མི་ཙམ་དུ་མ་ཟད་སྲོག་ཆགས་ཚང་མར་ཡོད། དེ་ཡང་ངའོ་སྙམ་པའི་བློ་ཞིག་ཡོད་པར་དེ་དང་འདྲེས་ནས་ཚོར་བ་བདེ་སྡུག་ཡོང་གི་ཡོད། དེ་ལ་བརྟེན་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་རང་བཞིན་གྱི་ཡོང་གི་ཡོད། ཡིད་བློར་བརྟེན་པའི་བདེ་སྡུག་དང་ལུས་ཤེས་ལ་བརྟེན་པའི་བདེ་སྡུག་གཉིས་བསྡུར་ན། ཡིད་བློར་བརྟེན་པའི་བདེ་སྡུག་དེ་ཚབས་ཆེ་བ་ཡོད། དཔེར་ན། སེམས་ལ་ཞི་བདེ་ཡོད་ན་ལུས་ཀྱི་སྡུག་བསྔལ་ཟིལ་གྱིས་གནོན་ཐུབ་ཀྱི་ཡོད་པ་ཧ་ཅང་གསལ་པོ་ཡིན། འོན་ཀྱང་ལུས་ལ་བདེ་བ་ཡོད་ཀྱང་ཡིད་བློ་མི་བདེ་བ་དེ་ཟིལ་གྱིས་གནོན་ཐུབ་ཀྱི་མེད། དེ་བཞིན་མིར་ལུས་ལ་བདེ་སྐྱིད་ཡོད་ཀྱང་སེམས་འཁྲལ་བྱ་རྒྱུ་མང་པོ་ཞིག་ཡོང་གི་ཡོད། དུད་འགྲོའི་རིགས་ལ་དེ་ལྟར་ཕལ་ཆེར་མེད། དཔེར་ན། དུད་འགྲོ་མ་དེའི་ཕྲུ་གུ་ཤི་ན་ཡིད་ལ་མྱ་ངན་ཏན་ཏན་ཡོད། འོན་ཀྱང་མི་ལྟར་རྙོག་གྲ་ཆེན་པོའི་སྒོ་ནས་སེམས་འཁྲལ་ཡོང་གི་མེད། མི་ལ་རང་ཉིད་ཀྱི་ཉེ་འཁོར་གནས་ཚུལ་ཙམ་མིན་པར་རྒྱ་ཆེ་སའི་བསམ་བློ་འཁོར་བའི་རྐྱེན་གྱིས་རེ་བ་དང་དོགས་པ་མང་པོ་ཡོད་པར་བརྟེན་རེ་དོགས་ཀྱི་རྣམ་རྟོག་ཁྲོད་ནས་མ་སྐྱིད་པ་བྱ་རྒྱུ་དེ་མི་ལ་ཤུགས་ཆེ་བ་ཡོད། དེར་བརྟེན་གཙོ་བོ་ཡིད་བློར་བརྟེན་པའི་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་བདེ་སྐྱིད་མང་དུ་གཏོང་རྒྱུའི་ཐབས་ཤེས་ཡིད་བློའི་སྟེང་ནས་སེལ་རྒྱུ་རེད་མ་གཏོགས་ཡིད་བློར་བརྟེན་པའི་སྡུག་བསྔལ་རྣམས་ལ་ཁབ་བརྒྱབ་པ་དང་གཤག་བཅོས་བྱས་ནས་སེལ་ཐབས་མེད། དཔེར་ན། དངངས་སྐྲག་དང་ཁོང་ཁྲོ་ལངས་སྐབས་དེ་དག་ཉུང་དུ་གཏོང་རྒྱུའི་ཐབས་ཤེས་བྱེད་དགོས་པ་ལས་གཞན་བྱ་རྒྱ་མི་འདུག ཅེས་སོགས་ཀྱི་ནང་ཆོས་ངོ་སྤྲོད་ཟབ་ཅིང་རྒྱས་པ་བསྐྱངས་ཡོད། ཉིན་རྒྱབ་རྡོ་རྗེ་གཅོད་པའི་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད་དེ་ཉིན་དེར་ཆོས་ཐུན་གཉིས་དང་། ཚེས་ ༢༩ ཉིན་ཆོས་ཐུན་གཉིས་བཀའ་དྲིན་ཆེ་བ་སྩལ་ཡོད་པ་བཅས།