ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བོད་ལྗོངས་མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནས་གོ་སྒྲིག་གནང་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༡༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དབུ་ཁྲིད་བླ་ཆེན་རྣམ་པ་དང་སྐུ་ཚབ། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲཱ་སིངྒ་ Shri. Virbhadra Singh མཆོག ཧི་མཱ་ཅལ་མངའ་སྡེའི་སྐྱེལ་འདྲེན་དང་ཟ་འབྲུའི་བློན་ཆེན་སྐུ་ཞབས་ཇི་ཨེ་སི་བྷ་ལི་ Shri. G.S. Bali མཆོག ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སུ་དྷིར་ཤཱར་མཱ་མཆོག ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ལྕམ་སྐུ་ཝིདྱ་སི་ཊོག་ Ms. Vidya Stokes མཆོག ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་དབུ་ཁྲིད་ཨི་ཌི་ཇོན་ Canadian First Nation Leadership,ed John ལགས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཟུང་དྲུང་ཡན་རྣམ་པ། སེར་སྐྱ་མི་མང་སོགས་བཞུགས་གནས་སུ་འཁོད་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྔ་འགྱུར་བསྟན་པའི་གསལ་བྱེད་ཀ༔ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མདོ་སྨད་གྱ་སྟོན་ཚོགས་ཆུང་ནས་ཕྱོགས་སྒྲིག་གནང་བའི་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་བར་གྱི་མཛད་རྣམ་འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་ཁག་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཛད་རྣམ་བརྙན་དེབ་པཎ་ཆེན་སྣང་བ་མཐའ་ཡས་བཅས་དབུ་འབྱེད་མཛད།
ཕྱོགས་མཚུངས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་སྐུ་ཚེའི་དངོས་བྱུང་ལོ་རྒྱུས་གློག་བརྙན་དང་། སྲིད་སྐྱོང་མཆོག་གིས་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་བརྙན་དེབ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་༸སྐུའི་གྱ་སྟོན་དྲན་རྟེན་གསེར་གྱི་རྟགས་མ་བཅས་དབུ་འབྱེད་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་ནས་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༠ ཕེབས་པའི་རྟེན་འབྲེལ་མཚོན་ཆེད་འཁྲུངས་སྐར་གྱི་མངར་ཟས་ birthday cake བཞེས་རྗེས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསུང་བཤད་དང་། མདོ་སྨད་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་༸སྐུའི་གྱ་སྟོན་གོ་སྒྲིག་ཞུ་དགོས་པའི་བརྒྱུད་རིམ། ༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཚུང་གི་ཚོགས་གཙོ་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་༸སྐུའི་གྱ་སྟོན་ཚོགས་ཆུང་གི་ལས་བསྡོམས། ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པས་༸སྐུའི་གྱ་སྟོན་དང་འབྲེལ་བའི་བཀའ་སློབ་རིམ་བཞིན་གནང་། དེ་ནས་ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་དབུ་ཁྲིད་ཨི་ཌི་ཇོན་ལགས་ཀྱི་ཉེ་ཆར་༸གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་ཁུལ་དུ་གདོད་མའི་མི་རིགས་ཀྱི་རྩ་ཆེའི་གནས་རི་ཨུ་ལུ་རུ་ཞེས་པར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ཁུལ་དེའི་གདོད་མའི་མི་རིགས་ཁག་གཅིག་དང་ལྷན་མཇལ་འཕྲད་ཀྱིས་གདོད་མའི་མི་རིགས་དང་འབྲེལ་བའི་བཀའ་སློབ་གཟབ་རྒྱས་སྩལ་བར་ཁོང་རང་ཉིད་གདོད་མའི་མི་རིགས་ཀྱི་ཚོགས་པའི་དབུ་ཁྲིད་ཅིག་ཡིན་པར་བརྟེན་སེམས་ཚོར་ཧ་ཅང་ཤུགས་ཆེ་བྱུང་སྐོར་སོགས་གསུང་བཤད་དང་།
གདོད་མའི་མི་རིགས་ལོ་ན་ ༩༤ སོན་པ་ཞིག་གིས་ལྷས་མ་སླས་པའི་ཞབས་ལྷམ་གཅིག་དང་ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་མཚོན་རྟགས་གཟན་གོས་ Shawl གཅིག་འབུལ་ལམ་ཞུས་ཏེ་གདོད་མའི་མི་རིགས་ཀྱི་གོམས་སྲོལ་དུ་སྐུ་མགྲོན་ནང་དུ་ཕེབས་སྐབས་ཁོང་ལ་ཆེ་བསྟོད་ཞུ་ཆེད་གཟན་གོས་དེ་འདྲ་གཡོག་སྲོལ་ཡོད་སྐོར་སྙན་སེང་ཞུས། དེ་རྗེས་བོད་གཞས་ཁག་དྲུག་ཙམ་གཟིགས་འབུལ་ཞུས་རྗེས་༸གོང་ས་མཆོག་གིས་ཨ་རི་དང་ལྷོ་ཨ་རི། ཡུ་རོབ། ནིའུ་ཛི་ལེན་ཌི། ཐེ་ཝན། ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་བཅས་ཀྱི་གནས་སྟངས་དང་དཀའ་ངལ། གོམས་གཤིས་སོགས་ཀྱི་སྐོར་བཀའ་སློབ་སྩལ་བ་དང་སྦྲགས་མུ་མཐུད་བཀའ་སློབ་ཕེབས་དོན། གདོད་མའི་མི་རིགས་ཚོ་ཐུག་སྐབས་ཁོང་ཚོར་སོ་སོའི་མི་རིགས་དང་གོམས་གཤིས་སྲུང་སྐྱོབ་བྱེད་པར་ཡི་གེ་དགོས་ཀྱི་ཡོད། ཁྱེད་ཚོར་ཡི་གེ་ཡོད་དམ་ཞེས་དྲིས་སྐབས་མང་ཆེ་བས་ཡི་གེ་མེད་ཅེས་བརྗོད་ཀྱི་འདུག གདོད་མའི་མི་རིགས་ཧ་ལམ་ཚང་མར་ཡི་གེ་མེད། གདོད་མའི་མི་རིགས་སོ་སོར་སྔ་མོ་ནས་ཡི་གེ་མེད་སྟབས་ཡི་གེ་གསར་པ་བཟོས་ན་ཡག་པོ་ཡོད་ཅེས་བརྗོད་ཀྱི་ཡོད། མིར་འདི་ལྟར་བརྗོད་སྐབས་སོ་སོར་སྤོབས་པ་སྐྱེས་ཀྱི་འདུག ང་ཚོ་བོད་པར་ལོ་སྟོང་ཕྲག་གོང་ནས་བོད་ཡིག་ཡོད། ཆོས་རྒྱལ་སྲོང་བཙན་གོང་ནས་བོད་ཡིག་ཡོད་རུང་མེད་རུང་གང་ལྟར་བོད་ཡིག་ཡོད། ཡི་གེ་དེའང་ཧ་ཅང་ཕྱུག་པོ་རེད། ལེགས་སྦྱར་གྱི་སྐད་དང་མཉམ་དུ་འགྲོ་ཐུབ་མཁན་ཡི་གེ་ཞིག་ཆགས་ཡོད། དེ་དང་པོ་ནས་བོད་པར་ཡོད་པའི་སྐད་ཆ་ཞིག་མ་རེད། ལེགས་སྦྱར་གྱི་གཞུང་དེ་དག་བོད་ཡིག་ལ་བསྒྱུར་ཏེ་མིང་ཚིག་གསར་པ་དེ་འདྲ་བཟོས་པ་ཞིག་ཡིན། དེ་ནས་རིམ་པས་ལེགས་སྦྱར་གྱི་མིང་ཚིག་གི་བརྗོད་བྱ་ཏག་ཏག་ཅིག་བོད་ཡིག་ཐོག་བསླབ་ཐུབ་པ་ཆགས་ཡོད། སོ་སོར་མི་རིགས་འདི་ལྟ་བུ་ཞིག་ཡོད། གཞི་ནས་དངོས་གནས་མེས་པོ་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་བསམས་པ་དྲན་གྱི་འདུག
དེ་བཞིན་རྣམ་དཔྱོད་ཀྱི་རྩལ་དེ་ཧ་ཅང་ཡག་པོ་འདུག སོ་སོ་སྤོབས་པ་སྐྱེ་རྒྱུ་ཞིག་འདུག ཅེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་གདོད་མའི་མི་རིགས་ཚོའི་ཡ་ང་བའི་གནས་སྟངས་སྐོར་བཀའ་སློབ་སྩལ་བ་དང་འབྲེལ་ཁོང་ཚོར་ཤ་ཚ་དང་སེམས་ཁུར་མཛད་བཞིན་ཡོད་པ་དང་། བོད་རིགས་ཚོས་གོ་སྐབས་ནམ་བྱུང་ཁོང་ཚོར་རོགས་པ་བྱེད་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཁེ་ན་ཌ་ནས་ཕེབས་པའི་གདོད་མའི་མི་རིགས་ཀྱི་དབུ་ཁྲིད་ཨི་ཌི་ཇོན་ལགས་སུ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བཀའ་སློབ་སྩལ་དོན། ང་ཚོ་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་མི་གཅིག་པ་རེད། ང་རང་ཚོ་མི་སྒེར་པ་སོ་སོའི་སྡིག་གྲིབ་དེ་འཛམ་གླིང་སྤྱི་དང་འབྲེལ་བ་ཡོད། ད་ཆ་སྔ་མོ་དང་འདྲ་གི་མ་རེད། སྔ་མོ་ཡིན་ན་གླིང་ཆེན་སོ་སོར་གླིང་ཆེན་རེ་རེའི་ནང་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོས་རང་ཁ་རང་གསོ་བྱས་ནས་སྡོད་ཀྱི་ཡོད། གཅིག་གིས་གཅིག་ལ་རྟེན་གྱི་མེད། དེང་སང་དུས་རབས་ ༢༠ པའི་སྨད་ནས་དུས་རབས་ ༢༡ པར་རང་བཞིན་གྱིས་ང་རང་ཚོའི་དཔལ་འབྱོར་དང་། ཤེས་ཡོན། རིག་རྩལ་སོགས་མང་པོ་ཞིག་གི་ཐོག་ནས་གཅིག་འགྱུར་གྱི་རྣམ་པ་དེ་ཤུགས་ཆེན་པོ་ཆགས་ཡོད། དྭང་དུ་བླངས་ནས་བྱས་པ་ཞིག་མིན་ནའང་ཤུགས་མ་ཐུབ་ཏུ་གཅིག་གྱུར་གྱི་ཚོར་བ་དེ་བསླེབས་ཀྱི་ཡོད། ང་ཚོ་བོད་པ་ཚོར་ཆ་བཞག་ནའང་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་ཆགས་ཡོད། འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་དེ་དག་བདེ་སྐྱིད་ལྡན་པ་ཞིག་ཆགས་ན་ཚང་མར་ཁེ་བཟང་རག་གི་རེད། ང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་རྒྱ་ནག་ནང་དོན་དམ་གྱི་མི་ཚོའི་སེམས་ནང་ཞི་བདེ་ཡོད་པ་ཞིག་བྱུང་ན། ང་ཚོ་བོད་པ་དང་ཤིན་ཅང་སོགས་ཚང་མར་ཕན་པ་མ་ཟད། རྒྱ་གར་ལ་ཡང་ཕན་གྱི་རེད། གང་ལྟར་འཛམ་གླིང་འདིའི་སྒང་འཁྲུག་པ་རྒྱག་བཞིན་པ་མང་པོ་གཅིག་ང་ཚོ་དང་ཁོ་ཚོ་ཞེས་པའི་ཚིག་འདིའི་འོག་ནས་རྙོག་གྲ་འདི་ཡོང་བཞིན་ཡོད།
ང་ཚོ་གཅིག་གྱུར་གྱི་འདུ་ཤེས་འདི་ཧ་ཅང་གལ་ཆེན་པོ་རེད་འདུག གཅིག་གྱུར་གྱི་འདུ་ཤེས་བྱུང་ན་མི་གཞན་པ་དེའི་སྐད་ཡིག་དང་། ཚོས་གཞི་མི་འདྲ་བ། ཆོས་དད། རྒྱལ་ཁབ། དབུལ་ཕྱུག་གང་ཡིན་རུང་མི་གཅིག་པ་ཡིན་བསམ་པའི་འདུ་ཤེས་ཡོད་ན། དེར་ཐུབ་ཚོད་དང་མི་གསོད་ཀྱི་མ་རེད། ང་ཚོ་དང་ཁྱེད་ཚོ་ཞེས་པའི་བསམ་བློ་དེའི་ཐོག་ནས་ཐར་གཏུགས་ཡོང་དུས་ང་ཚོ་ཞེས་པའི་ཚིག་དེ་ཕར་བསྡུས་ནས་ང་ཞེས་པའི་ཐོག་ལ་ཕྱིན་སྐབས་དབུལ་ཕྱུག་གི་ཁྱད་པར་དང་ཐུབ་ཚོད་ཤོད་རྒྱུ། མགོ་སྐོར་གཏོང་རྒྱུ། དབང་ཡོད་ཤོད་རྒྱུ། གསོད་རེ་གཏོང་རྒྱུ་ཚང་མ་ཐར་ཐུག་དེ་ self centered attitude རང་ཉིད་གཙོ་བཟུང་གི་བསམ་བློའི་འཁྱེར་སོ་དེའི་རྙོག་གྲ་ཚང་མ་བཟོས་ཀྱི་ཡོད། འདི་ལྟ་བུའི་བསམ་བློ་དེ་ནོར་འཁྲུལ་ཡིན་པ་ངོ་སྤྲོད་བྱེད་རྒྱུ་དེ་ཆོས་དང་འབྲེལ་བ་གང་ཡང་མེད། ཆོས་དང་མ་འབྲེལ་བའི་ཐོག་ནས་ཚན་རིག་དང་མཐུན་པ་དང་མཐོང་ཆོས་ཀྱི་གནས་ཚུལ་གྱི་ཐོག་ནས་ངོ་སྤྲོད་བྱེད་རྒྱུ་ཡོད། དེར་བརྟེན་འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ཁོངས་ནས་གདོད་མའི་མི་རིགས་དམིགས་བསལ་གྱི་དཀའ་ངལ་འཕྲད་བཞིན་པ་དེ་དག་ལ་བསམ་བློ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག སྨོན་ལམ་གཅིག་ལས་མེད་ཀྱང་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སེམས་ཁུར་ཧ་ཅང་ཡོད་དེ་ཁོང་ཚོའི་མཉམ་ཉིན་མ་གཅིག་སྡོད་དགོས་རེད་ཅེས་ལབ་ན་ཉིན་མ་གཅིག་སྡོད་ཐུབ་ཨེ་ཡོང་། ཁོང་ཚོ་ཧ་ཅང་སྐྱོ་པོ་འདུག དེ་བཞིན་འབུ་ཟས་ནས་སྡོད་དགོས་འདུག འདི་གཅིག་དེ་རིང་འདིར་བཤད་འདོད་བྱུང་། དེ་རིང་མདོ་སྨད་ཆོལ་ཁས་ངོས་རང་ལོ་བརྒྱད་ཅུ་ཟིན་པའི་དུས་ཆེན་གོ་སྒྲིག་བྱས་པ་རེད། ༸རྒྱལ་བ་རིན་པོ་ཆེ་བོད་སྤྱིའི་འགན་འཁྱེར་མཁན་ཞིག་ཆགས་ཡོད། ཆེ་ས་ནས་བཤད་ན་འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུའི་སྐོར་བསམ་བློ་གཏོང་མཁན་ཞིག་ཆགས་ཡོད། སྐྱེས་ས་བཤད་པ་ཡིན་ན། ང་ཨ་མདོའི་ས་ཁུལ་སྐུ་འབུམ་མཚོ་སྔོན་ས་ཁུལ་རྗེ་རིན་པོ་ཆེ་འཁྲུངས་སའི་འཁྲིས་སུ་སྐྱེས་པ་རེད། ཨ་མདོ་ཚོས་༸རྒྱལ་བ་རིན་པོ་ཆེ་ཨ་མདོ་ཡིན་བསམས་པས་འདུ་ཤེས་གསལ་པོ་བཟུང་ནས་དེ་རིང་མདོ་སྨད་ཚོས་དམིགས་བསལ་དུས་ཆེན་མཛད་སྒོ་གོ་སྒྲིག་བྱས་འདུག གོང་དུ་ལས་བསྡོམས་ནང་བཤད་པ་ནང་བཞིན་དངོས་གནས་ཁྱེད་རང་ཚོས་ལོ་ཁ་ཤས་རིང་བསམ་བློ་བཏང་། འཆར་གཞི་བཀོད། ཞལ་འདེབས་ཡིན་ནའང་མང་ཐག་ཆོད་བྱུང་འདུག དེ་ཚོ་ཁྱེད་རང་ཚོས་ཚགས་ཚུད་ཐག་ཆོད་ཅིག་བྱས་འདུག་པས་ཐུགས་རྗེ་ཆེ། དེ་རིང་དུས་དྲན་འདིའི་ཐོག་ལ་ང་ཚོའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོ་དུས་གཅིག་ལ་ཚང་འཛོམས་གནང་སྟེ། ཐུགས་འཁུར་བཞེས་ནས་བཀའ་སློབ་གནང་བ་དེ་དངོས་གནས་ཚང་མ་གཅིག་གྱུར་གྱི་ནུས་པ་དེ་གསལ་བོ་མཚོན་ཐུབ་པ་ཧ་ཅང་ཡག་པོ་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་དང་ཆབས་ཅིག་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན།
ཁྱེད་རང་ཚོ་གསར་འགྱུར་བརྒྱུད་ལམ་ཁག་དེ་ཚོ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོས་སྤྱི་སེམས་གོང་སྤེལ་གཏོང་རྒྱུ་དང་། གཞན་ཕན་གྱི་བློ་སྐྱེས་རྒྱུ་ལྟ་བུ་བཟང་པོའི་ཕྱོགས་དེ་དག་སྤེལ་རྒྱུའི་འགན་ཡོད། གསར་འགྱུར་བརྒྱུད་ལམ་ཁག་གཅིག་གིས་སྡུག་ས་ཤ་སྟག་བསྒྲུགས་ནས་ཤོད་བཞིན་འདུག དེ་ཡང་བཤད་དགོས་ཀྱི་རེད། འཛམ་གླིང་འདིར་རྙོག་གྲ་འདི་ལྟར་ཞིག་ཡོད་པ་དེ་ངེས་པར་དུ་འཛམ་གླིང་མི་མང་གིས་ཤེས་དགོས་ཀྱི་རེད། འོན་ཀྱང་དེ་རྐྱང་རྐྱང་བཤད་སྐབས་གང་ཙམ་ཞིག་ནས་མིའི་བསམ་བློའི་ནང་མིའི་རིགས་ཟེར་བ་དེ་ཧ་ཅང་སྡུག་ཆགས་ཤིག་རེད་འདུག་བསམ་པ་དྲན་མཁན་ཡང་ཡོང་ཡོད་ངེས་རེད། ངོས་ཀྱིས་མི་མང་པོ་ཞིག་དང་ཐུག་གི་ཡོད། མིའི་གཤིས་ཀ་དེ་བསད་གཏུབ་བྱེད་མཁན་སྡུག་ཆགས་བྱེད་རྒྱུ་ལྷན་སྐྱེས་སུ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་མཁན་ཡང་མཐོང་རྒྱུ་འདུག མ་འོངས་པར་འགྲོ་བ་མིའི་རིགས་འདི་གང་འདྲ་ཞིག་ཆགས་ཀྱི་རེད་ཅེས་དྲིས་མཁན་མང་པོ་ཡོང་གི་འདུག དེ་རྩ་བ་ནས་མ་རེད། སྔོན་མ་ང་ཚོ་ཐོག་མ་རྒྱ་གར་ལ་བསླེབས་སྐབས་འཛམ་གླིང་འདིར་མི་འབོར་དུང་ཕྱུར་དྲུག་ཅུ་རེད། འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྔ་དེའི་རིང་མི་དུང་ཕྱུར་བདུན་ཅུ་ཆགས་ཡོད། མི་གསོད་རེས་གཏོང་མཁན་གྱི་རང་གཤིས་ཡོད་པ་ཞིག་ཡིན་ན་མི་མང་དྲགས་པའི་སེམས་ཁྲལ་བྱེད་དགོས་དོན་མེད། སྐྱེས་ཀྱིན་སྐྱེས་ཀྱིན་གསོད་ཀྱིན་གསོད་ཀྱིན་བྱས་ན་འགྲིག་འགྲོ་གི་རེད་འདུག་གཱ དེ་མ་རེད། དངོས་གནས་བྱམས་བརྩེའི་ཐོག་ནས་མིའི་འཕྲོད་བསྟེན་ལ་ལྟ་རྟོག་བྱེད་རྒྱུ་དང་། བྱམས་བརྩེའི་ཐོག་ནས་ཕྲུ་གུ་ཆུང་ཆུང་ཚོར་གསོ་སྐྱོང་བྱེད་རྒྱུ། རྒད་པོ་དང་རྒད་མོ་ཚོ་ཉིན་གཅིག་ཡིན་ནའང་ཚེ་རིང་དུ་གནས་ཆེད་འཕྲོད་བསྟེན་བྱེད་རྒྱུ་སོགས་ཚང་མ་བྱམས་བརྩེའི་བྱ་བ་ཤ་སྟག་རེད། གང་ལྟར་འཛམ་གླིང་སྤྱི་ཡོངས་ཀྱི་མིའི་ལྷན་སྐྱེས་འདི་ཨ་མས་བརྩེ་བ་དང་གསོ་སྐྱོང་འོག་ནས་འཚར་ལོངས་བྱེད་རྒྱུ་ཞིག་ལྷན་སྐྱེས་ཀྱི་གནས་སྟངས་ཆགས་ཡོད། དེར་བརྟེན་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་ཚན་རིག་པ་ཚོས་དངོས་སུ་བརྟག་དཔྱད་བྱེད་དུས་མིའི་ལྷན་སྐྱེས་འདི་བྱམས་བརྩེ་ལྡན་པ་རེད་འདུག་ཅེས་བཤད་ཀྱི་འདུག ང་རང་ཚོའི་སངས་རྒྱས་པའི་གཞུང་ནས་བཤད་ནའང་མིའི་རིགས་ལ་ཁམས་བདེ་གཤེགས་སྙིང་པོ་ཞེས་པ་དེ་ཚང་མའི་བརྒྱུད་ལ་ཡོད། དེའི་རྟགས་ནི་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། བྱམས་བརྩེའི་རིགས་ཁམས་དེ་ལྟ་བུ་ཞིག་ཡོད་པའི་རྟགས་ཡིན། རྒྱུད་བླ་མའི་འགྲེལ་པ་དེའི་ནང་ཡོད། དེ་བཞིན་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ནའང་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། འཇིག་རྟེན་བཀོད་པ་པོ་བཀོད་མཁན་དེ་བརྩེ་བའི་བདག་ཉིད་རེད། དེར་བརྟེན་དེས་བཀོད་པ་དེ་དག་ལ་བྱམས་བརྩེའི་ནུས་པ་ཞིག་མཚོན་བཞིན་ཡོད། ཆོས་ལུགས་ཚང་མས་འདི་ལྟར་ཤོད་བཞིན་ཡོད། དེར་བརྟེན་ལྷན་སྐྱེས་ཀྱི་མིའི་རང་བཞིན་དེ་བཟང་པོ་རེད་འདུག གང་འཐུས་ཤོར་ཕྱིན་པ་རེད་ཅེས་བརྗོད་ན། འཛམ་གླིང་འདིའི་སྟེང་ཡོད་བཞིན་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་འདི་ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་མ་གཏོགས། འདས་པའི་ལོ་ངོ་ཉིས་བརྒྱ་སྐོར་ཞིག་ལ་གཞི་ནས་དེང་དུས་ཀྱི་ཤེས་ཡོན་དེ་ནུབ་ཕྱོགས་ནས་འགོ་ཚུགས་པ་རེད།
དེང་དུས་ཀྱི་ཤེས་ཡོན་འགོ་འཛུགས་རྒྱུ་དང་ཚན་རིག་གི་ཡར་རྒྱས་གཉིས་པོ་མཉམ་དུ་འགོ་ཚུགས་འདུག ཚན་རིག་གི་ཐོག་ནས་ད་ལྟ་ད་ལྟ་མིའི་དཀའ་ངལ་སེལ་རྒྱུ་དང་བདེ་དོན་སྒྲུབ་རྒྱུ་ཡོད་སྟབས་ཚན་རིག་ལ་རང་བཞིན་གྱི་ཡིད་ཆེས་བསླེབས་ཀྱི་རེད། དེར་བརྟེན་ཤེས་ཡོན་དེ་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་རེད་འདུག དེས་རྐྱེན་པས་ད་ལྟ་ཡོད་བཞིན་པའི་རིག་གསར་གྱི་ཤེས་ཡོན་དེ་ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཡིན་སྟབས་དེའི་འདེང་གི་མེད། དེང་སྐབས་ཚན་རིག་པ་དང་ཤེས་ཡོན་ཅན་མང་པོས་འདིའི་ཐོག་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་ཤོད་བཞིན་ཡོད། གང་ལྟར་ང་ཚོས་ཤེས་ཡོན་སྤྲོད་སྟངས་དེ་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཆགས་ཡོད། བྱིས་པ་གཞོན་ནུའི་སྐབས་སུ་མས་བརྩེ་བ་བྱས་པ་དང་བྱིས་པ་ནང་ཚགས་ཡིན་ནའང་ཇི་ཙམ་གྱིས་བརྩེ་བའི་འཛུམ་མདངས་ལ་བརྟེན་པ་ཡིན་ན། མི་རིགས་ཀྱི་སྐད་ཆ་དང་ཆོས་དད། དབུལ་ཕྱུག་སོགས་ཀྱི་སྐད་ཆ་མེད། རྩེད་མོ་མཉམ་དུ་རྩེད་ཀྱིན་གྲོགས་བྱས་ཏེ་སྡོད་ཀྱི་རེད། འདི་མིའི་ལྷན་སྐྱེས་ཀྱི་གནས་བབ་རེད། དེ་ནས་རིམ་པས་འཚར་ལོངས་བྱུང་སྐབས་དེང་དུས་ཀྱི་ཤེས་ཡོན་སྤྲོད་རྒྱུའི་ནང་བསླེབས་སྐབས་དངོས་པོ་ཡར་རྒྱས་རྐྱང་རྐྱང་གི་ཐོག་འགྲོ་རྒྱུ་ཞིག་ཡོང་གི་ཡོད། སྐབས་དེར་ལྷན་སྐྱེས་ཀྱི་བྱམས་བརྩེའི་ས་བོན་ཡོད་པ་དེ་རིམ་པས་བག་མེད་བཞག་པ་ལྟ་བུ་བྱས། བསམ་བློའི་རེ་དོགས་མང་པོ་ཆགས་རྒྱུ་དེ་ཤུགས་ཆེ་རུ་ཕྱིན་པར་བརྟེན་ང་ཚོར་དཀའ་ངལ་འཕྲད་བཞིན་ཡོད།
ང་ཚོ་འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་རེད། འདོད་རུང་མ་འདོོད་རུང་གང་ལྟར་ང་ཚོས་སྤྱི་སེམས་ཤིག་འཁྱེར་དགོས་ཀྱི་ཡོད། དེ་འཁྱེར་དགོས་དོན་ནི་ང་ཚོའི་མ་འོངས་པ་དེ་འཛམ་གླིང་ལ་རྟེན་ཡོད། འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བྱུང་ན་ང་ཚོ་ཚང་མར་ཕན་ཐོགས་ཡོད། འཛམ་གླིང་འདི་ད་ལྟ་བཞིན་ཕྲག་དོག་དང་འགྲན་སེམས། གཡོ་རྒྱུ་སོགས་གྱི་ཐོག་ནས་ཕྱིན་ན་ང་ཚོར་གྱོང་རག་གི་རེད་མ་གཏོགས་སྒེར་སོ་སོས་མགོ་འཐོན་རྒྱུ་མེད། ཧི་མཱ་ལ་ཡའི་རི་རྒྱུད་ཕྱོགས་ལ་རྩམ་པ་རྩམ་ཁུག་གཅིག་འཁྱེར་ཏེ་ཕྱིན་ནས་སུ་གཅིག་དང་འབྲེལ་བ་མ་བྱས་ན་ཁུངས་འཁྱོལ་གྱི་མ་རེད། ང་ཚོ་མི་སྒེར་སོ་སོའི་འཚོ་བ་དེ་འཛམ་གླིང་ལ་རྟེན་དགོས་ཀྱི་ཡོད། དེར་བརྟེན་ང་ཚོ་རྟེན་སའི་འཛམ་གླིང་འདི་སྤྱི་པའི་དོན་དུ་ཕྲན་བུ་སེམས་ཁུར་བླང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ཕྱོགས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་། ཕྱི་མ་དམྱལ་བ་སོགས་ཀྱི་སྐད་ཆ་བཤད་དགོས་ཀྱི་མེད། ཚེ་འདི་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུ་དེ་ང་ཚོ་ཚང་མར་འགན་ཡོད། འདི་གཅིག་བརྗོད་འདོད་བྱུང་། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ། མཐར་མདོ་སྨད་དབུས་རྒྱུན་དྲུང་ཆེ་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་དགའ་སྤྲོའི་ངང་གྲོལ་ཡོད་པ་བཅས།།