༢༠༡༦ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་འཐུས་ཚང་གནང་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་གྱི་གཞུང་འབྲེལ་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་མ་ཧེ་ཤི་ཤརྨ་མཆོག་གི་གསུང་བཤད་གནང་དོན།
ངས་དེ་རིང་རྒྱ་གར་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་ཉི་ཤུ་རྩ་ལྔའི་ཚབ་ཞུས་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲི་ཞུ་རྒྱུ་དང་སྐྱེས་ཆེན་དམ་པ་སྐུ་ཉིད་མཆོག་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་བསྒྲུབ་པའི་སྨོན་འདུན་ཞུ་ཆེད་དེ་རིང་འདིར་བཅར་བ་ཡིན། འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ལྷག་པར་བོད་མིའི་མགོན་དཔུང་དམ་པར་གྱུར་བ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་ཅིང་ལམ་སྟོན་གསུང་གི་འདུད་རྩི་རྒྱུན་མི་ཆད་པར་སྩལ་རོགས་ཞེས་གསོལ་འདེབས་ཞུ་རྒྱུ་ཡིན། ༸གོང་ས་མཆོག་ནི་རྒྱ་གར་གྱི་མེས་པོ་དམ་པ་གཱན་དྷི་ལྟར་འཛམ་གླིང་ཡོངས་ལ་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་སྤེལ་གཏོང་ཐབས་མཛད་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཆགས་ཡོད། དེར་བརྟེན་རྒྱ་གར་མི་མང་ཡོངས་ཀྱི་༸གོང་ས་མཆོག་གི་ད་བར་འཛམ་གླིང་ཁྱོན་དུ་དྲང་བདེན་དང་འཚེ་མེད་ཞི་བདེ་གོང་འཕེལ་གཏོང་གནང་མཛད་པ་དང་། ལྷག་པར་བོད་དོན་ཐོག་རླབས་ཆེན་གྱི་གྲུབ་འབྲས་སོན་པ་རྣམས་ལ་བསྔགས་བརྗོད་དང་སྦྲགས་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་བོད་མི་དང་རྒྱ་གར་མི་མང་།
དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་དཀའ་ངལ་ཇི་ཙམ་འཕྲད་ཀྱང་སེམས་ཤུགས་མ་ཆག་པར་ལན་དགུ་ཆད་མཐུད་མཛད་ནས་རྒྱལ་ཁའི་ཕྱོགས་སུ་ཤར་བསྐྱོད་ཇི་ལྟར་དགོས་པའི་ལམ་སྟོན་མཛད་པ་དེར་ང་ཚོས་གུས་འདུད་ཞུ་རྒྱུ་ཡིན། གོང་དུ་ཨི་ཊཱ་ལིའི་སྐུ་མགྲོན་ཞིག་གིས་སྐུ་ཉིད་མཆོག་གི་འཛམ་གླིང་ཁྱོན་ཡོངས་སུ་སྐྱེ་འགྲོ་ཀུན་གྱི་བདེ་ཐབས་སླད་བྱམས་བརྩེའི་ལམ་སྟོན་མཛད་པ་དེར་སྙིང་ཁོངས་རུས་པའི་གཏིང་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུས་པ་དེ་ཁོང་གི་ལུས་ཀྱི་རྣམ་འགྱུར་ནས་ངས་ཧ་ཅང་གསལ་པོ་རྟོགས་ཐུབ་བྱུང་། ངོས་རང་ཡང་ཁོང་དང་མཚུངས་པར་དེ་རིང་གོ་སྐབས་འདི་བརྒྱུད་མགོན་པོ་གང་ཉིད་མཆོག་གིས་ཧི་མཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་བཞུགས་བཞག་མཛད་ནས་འཛམ་གླིང་སྐྱེ་འགྲོ་ཀུན་ལ་བླང་དོར་བཀའ་སློབ་རྒྱུན་མི་ཆད་པར་མཛད་པ་དེར་སེམས་གཏིང་ནས་དགའ་བསུའི་འཚམས་འདྲི་དང་སྦྲགས། བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ངོས་རང་སྨན་པ་ཞིག་ཡིན། ང་ཚོའི་ལུས་འདི་བདེ་ཐང་ཡོང་ཆེད་སྨན་བཅོས་བྱེད་དགོས་ཀྱི་ཡོད། དེ་རིང་གི་ཉིན་མོ་འདིར་འཛམ་གླིང་ནང་གི་རྒྱལ་ཁབ་ ༡༧༧ ནང་རྒྱ་གར་སྲོལ་རྒྱུན་ནས་དར་བའི་ལུས་སྦྱོང་དང་རྩ་རླུང་སྒོམ་སྒྲུབ་བྱ་རྒྱུའི་ཉིན་མོ་ཞིག་ལ་སྲུང་བརྩི་ཞུ་ཆེད། དེ་རིང་སྔ་དྲོ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་སྲིད་བློན་མོ་དི་མཆོག་གིས་འཛམ་གླིང་ལུས་སྦྱོང་གི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་གཙོ་སྐྱོང་གནང་ཡོད། དེར་བརྟེན་དེ་རིང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་དང་འཛམ་གླིང་ལུས་སྦྱོང་ཉིན་མོ་གཉིས་དུས་གཅིག་ཏུ་འཁེལ་སྟབས། མགོན་པོ་གང་ཉིད་མཆོག་སྐུ་ཁམས་གསལ་ཐང་ཡོང་བ་དང་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བདེ་དོན་ཆེད་བླང་དོར་བཀའ་སློབ་རྒྱུན་མི་ཆད་པར་སྩལ་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།།