༢༠༡༠ ཕྱི་ཟླ་ ༤ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༦ ཉིན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་བཅོ་ལྔ་དེ་ཉིན་བཅུའི་རིང་འཁྲབ་སྟོན་ཞུས་རྗེས་ཉིན་མཐའ་མ་བོད་གཞུང་ཟློས་གར་ཐང་ཆེན་དུ་འཁྲབ་སྟོན་གནང་སྟེ་མཇུག་སྒྲིལ་ཞུས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་། སྐུ་མགྲོན་རྣམ་པ། ལས་ཁུངས་ཁག་གི་ལས་བྱེད་རྣམ་པ། ཕྱི་རྒྱལ་བ། ཚོགས་སྡེ་ཁག་གི་ལས་ཟུར་རྣམ་པ། ས་གནས་ཁག་ནས་ཕེབས་པའི་ལྷ་མོ་ཚོགས་པ་ཁག་གི་འཁྲབ་སྟོན་པ་རྣམ་པ། བཞུགས་སྒར་ཁུལ་དང་རྒྱ་ཆེའི་མི་མང་བཅས་སྟོང་ཕྲག་བརྒལ་བའི་དབུས་སུ་བོད་གཞུང་ཟློས་གར་གྱིས་ལྷ་གཞུང་དྲི་མེད་ཀུན་ལྡན་འཁྲབ་སྟོན་ཞུས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་གཞུང་ཟློས་གར་གྱིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོ་ཚོགས་པའི་འགན་འཛིན་རྣམས་ལ་ལེགས་སྐྱེས་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་རྣམ་པ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༥༨ ལོར་བོད་ནང་ཞོ་སྟོན་མཐའ་མ་གནང་ཡོད། དེ་ནས་ང་ཚོར་གནས་ཚུལ་ཐབས་སྡུག་བྱུང་སྟེ་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་ཟློས་གར་ཚོགས་པ་འདི་འཛུགས་སྐབས་གནས་སྟངས་ཧ་ཅང་དཀའ་ངལ་ཆེན་པོ་རེད། འོན་ཀྱང་ཕྱི་ལོ་ ༡༩༥༨ ལོར་བོད་ནང་ཞོ་སྟོན་མཐའ་མ་གནང་བ་དེ་ནས་ལོ་ ༣༤ རྗེས་སུ་ང་ཚོའི་ཟློས་གར་ཚོགས་པས་འགན་བཞེས་ཏེ་ཞོ་སྟོན་འདི་བཙན་བྱོལ་ནང་འགོ་བཙུགས་པ་རེད། དེ་ནས་བཟུང་ད་ལྟའི་བར་རྒྱུན་འཛིན་ཏེ་འདི་ལོ་ཞོ་སྟོན་རྒྱས་པ་ཐེངས་ ༡༥ སྟོན་རྒྱུ་བྱུང་བ་ནི་སྐབས་དེའི་དུས་སུ་གཙོ་བོ་འགན་ཁུར་མཁན་ཚོས་སྐུ་ངལ་ཁྱད་བསད་ཀྱིས་སློབ་སྟོན་དང་། ཟློས་གར་ཚོགས་པས་རྒྱུན་འཛིན་ཡར་རྒྱས་བཏང་བའི་གྲུབ་འབྲས་ནི་ད་ལྟ་ང་རང་ཚོའི་མིག་ལམ་དུ་ཡོད་པ་དེ་རེད། སྐབས་དེ་དུས་སྐུ་ངལ་སྐྱོན་མཁན་ད་ལྟ་འཚོ་བཞིན་བཞུགས་པ་དང་། མ་བཞུགས་པ། དེ་བཞིན་ཁོང་རྣམ་པའི་རྒྱུན་འདྲེན་གནང་མཁན་ད་ལྟའི་ཟློས་གར་ཚོགས་པའི་ནང་ཡོད་པ་དང་མེད་པ་ཚང་མར་ངས་དེ་རིང་འདི་གར་ཕེབས་པའི་རྣམ་པ་ཚང་མའི་ཚབ་ཞུས་ཏེ་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ཚོ་བཙན་བྱོལ་ནང་གནས་སྐབས་ང་ཚོར་ལས་འགན་གལ་ཆེན་པོ་འཁྲིས་ཡོད། དེ་ནི་བོད་དོན་བདེན་མཐའ་སེལ་ཐབས་ལ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུ་དང་། ན་གཞོན་ཚོའི་ཤེས་ཡོན་སློབ་སྦྱོང་གནང་རྒྱུ། དེ་བཞིན་བོད་མི་རིགས་དང་། མི་རིགས་དེའི་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་རྣམས་གཙོ་གནད་ཆགས་ཡོད།དེར་བརྟེན་ང་ཚོའི་ཟློས་གར་ཚོགས་པས་འགན་རྐང་བཞེས་ཐོག་གཞིས་ཆགས་ཁག་མང་པོ་ཞིག་གི་ནང་ལྷ་མོའི་ཚོགས་པ་བཙུགས་གནང་ཡོད་པ་དེ་ང་རང་ཚོའི་བོད་དོན་བདེན་མཐའ་སེལ་རྒྱུའི་དོན་དུ་ལས་འགུལ་རླབས་ཆེན་ཞིག་བསྒྲུབས་ཡོད་པ་དྲན་གྱི་ཡོད། ང་ཚོ་བཙན་བྱོལ་དུ་གྱར་རྗེས། བོད་ཀྱི་ཆོས་དང་། རིག་གཞུང་། གོམས་གཤིས་རྣམས་མ་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ། དེ་བཞིན་བོད་དོན་བདེན་མཐའ་སེལ་ཐབས་བྱེད་དགོས་པ་ཡིན་སྟབས། སྤྱིར་ལྷ་མོ་དང་། ཟློས་གར། དེའི་ནང་ནས་དམིགས་བཀར་ལྷ་མོའི་གཞུང་འདི་བོད་མི་རིགས་ཀྱི་འཚོ་བ་དང་བསམ་བློའི་འཁྱེར་སོ། རིག་གཞུང་མཚོན་བྱེད་ཐུན་མོང་མ་ཡིན་པ་ཆགས་ཡོད། དཔེར་ན། དེ་རིང་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལྷ་མོའི་གཞུང་གི་ཐོག་ནས་གཟིགས་འབུལ་གནང་བ་རེད། དེའི་ནང་ང་ཚོ་བོད་པའི་བསམ་བློའི་འཁྱེར་སོ་དང་། རིག་གཞུང་། ལྷག་པར་དུ་ཆོས་དང་འབྲེལ་བའི་བསླབ་བྱ། ལས་རྒྱུ་འབྲས། དེ་བཞིན་མི་རྟག་པའི་སྐོར། བཟང་པོའི་བསླབ་བྱ་ཡོད་པའི་ལྷ་གཞུང་ཁྱད་པར་བ་འདི་ལྟ་བུ་བོད་པར་མ་གཏོགས་མེད། སྤྱིར་བཏང་གི་གཞས་ཞབས་བྲོ་ཞིག་ཡིན་ན་དེ་ཚོའི་ཐོག་ནས་རྒྱུད་ལ་ཉོན་མོངས་འཕེལ་རྒྱུའི་རྒྱུ་ཆགས་ཡོད། བོད་པས་མགྲིན་པའི་ནང་ནས་རྣམ་ཐར་དེ་དག་མགྲིན་གུག་དང་བཅས་ནས་གཏོང་གི་ཡོད་ཀྱང་ལུང་པ་གཞན་གྱི་མིས་དེ་དག་ལ་ལད་ཟློས་ཀྱང་བྱེད་ཐུབ་ཀྱི་མེད་པའི་བོད་ཀྱི་ཐུན་མིན་རིག་གཞུང་གལ་ཆེན་པོ་ཞིག་ཆགས་ཡོད། བོད་གཞུང་ཟློས་གར་གྱིས་གཙོས་གཞིས་ཆགས་ཁག་གི་ལྷ་མོ་ཚོགས་པ་ཚང་མས་ད་བར་ཧུར་ཐག་གནང་བར་བརྟེན། ཡར་རྒྱས་ཀྱི་རྣམ་པ་མཐོང་རྒྱུ་ཡོད་པ་དེ་ནི་གཟི་བརྗིད་ཆེན་པོ་རེད། སྔོན་མ་ཞོ་སྟོན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ང་རང་ཚོའི་ལྷ་མོ་དེ་ཉམས་པ་སླར་གསོའི་དོན་དུ་ཐབས་ཤེས་མང་པོ་ཡོད། ཐབས་ཤེས་དེ་དག་མང་ཚོགས་ནས་དོ་སྣངབྱེད་དགོས་རྒྱུ་ཐབས་ཤེས་ཤིག་ཡོད་པ་རེད། ལྷག་དོན་དུ་སློབ་ཕྲུག་ཚོར་ཡང་ཡང་མཐོང་རྒྱུ་ཡོད་པ་ཞིག་དང་། རྣམ་ཐར་ཁོང་ཚོའི་རྣ་བའི་ནང་གོ་རྒྱུ་ཡོད་པ་ཞིག་བྱས་ན། ག་ལེར་གོམས་གཤིས་ཆགས་ཏེ་རྒྱུད་ལ་རིམ་པས་འཇགས་རྒྱུ་དང་དོ་སྣང་བསླེབ་རྒྱུའི་ཁྱད་པར་ཡོང་གི་རེད། དེ་ཚོ་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད། ཅེས་བཀའ་སློབ་ཕེབས་ཡོད། དེ་ལྟར་ཕེབས་པ་གཞིར་བཟུང་འདི་ལོ་ང་རང་ཚོའི་བོད་གཞུང་ཟློས་གར་ཚོགས་པས་ས་གནས་ཁག་གི་ལྷ་མོ་ཚོགས་པ་ཚང་མའི་ཐོག་འགྲོ་སོང་ཕངས་མེད་བཏང་སྟེ། ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་ཁག་གི་ནང་འཁྲབ་སྟོན་གོ་སྒྲིག་ཞུས་འདུག བོད་གཞུང་ཟློས་གར་ཚོགས་པས་ཐུགས་འགན་བཞེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༩༦ ལོའི་ཞོ་སྟོན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།གང་ལྟར་ལྷ་མོ་འཁྲབ་སྟོན་གནང་མཁན་གྱི་སྐྱིད་སྡུག་ཚོགས་པ་ཁག་སོ་སོའི་ནང་ནས་སྤྱིར་བཏང་རྒྱང་གར་བའི་འགྲོ་སྟངས་དང་། སྐྱོར་མོ་ལུང་གི་འགྲོ་སྟངས་ལྟ་བུ་འདྲ་མིན་མང་པོ་ཞིག་ཡོད། ང་ཚོའི་ལྷ་མོ་ཚོགས་པ་སུ་ཞིག་ཡིན་ན། ང་ཚོ་རྒྱང་གར་བ་གཙོ་བོ་བྱེད་ཀྱི་ཡོད་ཟེར་བ་ལྟ་བུ་དང་། ང་ཚོས་སྐྱོར་མོ་ལུང་གཙོ་བོ་བྱེད་ཀྱི་ཡོད་ཟེར་བ་ལྟ་བུ། དེ་འདྲའི་ཐོག་ནས་དེ་དག་བདག་པོ་བརྒྱབ་སྟེ་འབུར་དུ་བཏོན་ནས་འཁྲབ་སྟོན་བྱེད་ཐུབ་པ་ཡིན་ན། ཡག་པོ་མེད་དམ་དྲན་གྱི་འདུག་ཅེས་བཀའ་སློབ་ཕེབས་འདུག དེ་ང་ཚོས་ད་དུང་བསྒྲུབ་ཐུབ་མེད་པ་ལྟ་བུ་ཞིག་ངས་མཐོང་བྱུང་། ཐབས་ཤེས་མེད་པ་ཡིན་ན་བྱ་ཐབས་མེད་པ་རེད་མ་གཏོགས་གཞན་ང་ཚོའི་འབད་བརྩོན་གནང་བ་ཡིན་ན་ཡག་པོ་མེད་དམ་བསམ་གྱི་འདུག ༸གོང་ས་མཆོག་གིས་བཀའ་ཕེབས་ཟིན་པ་རེད། ད་ལྟ་ང་ཚོས་གནང་རྒྱུ་དེ་ཚོད་དཔག་བྱས་ན་སྐྱོར་མོ་ལུང་གཞིར་བཟུང་བྱས་ཏེ་འགྲོ་གི་ཡོད་པ་རེད་བསམ་གྱི་འདུག སྔོན་མ་བོད་ནང་ལ་འཁྲབ་མྱོང་ཡོད་མཁན་དེ་ལྟར་ཡོད་པ་ཡིན་ན། ཁོང་རྣམ་པའི་ས་ནས་ང་རང་ཚོས་ཏན་ཏན་ཉམས་གསོག་གནང་སྟེ། རིམ་པས་ཕྱག་བཞེས་གནང་བ་ཡིན་ན་ཡག་པོ་མེད་དམ་དྲན་གྱི་འདུག ལྷག་པར་འདིར་ཕྱོགས་མཐའ་ཁག་ནས་ཕེབས་པའི་དགུང་ལོ་བགྲེས་པ་མང་པོ་དང་། དེ་བཞིན་སློབ་གྲྭའི་ནང་ནས་འདུག དངོས་གནས་གཟི་བརྗིད་རེད། ཁོ་རང་ཚོའི་སེམས་ཤུགས་དང་། འཁྲབ་སྟོན་གནང་སྟངས་ལ་བལྟས་ནས་ང་ཚོ་ལོ་གཞོན་པ་ཚོར་དམིགས་བསལ་གྱི་མིག་དཔེ་དང་། སེམས་ཤུགས་འཕར་རྒྱུའི་གནས་སྟངས་ཆགས་ཡོད། ཚང་མར་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་། དེ་རྗེས་བོད་གཞུང་ཟློས་གར་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་ཐུགས་རྗེ་ཞུའི་གསུང་བཤད་གནང་རྗེས་བོད་གཞུང་ཟློས་གར་གྱིས་བཀྲ་ཤིས་ལྷ་རྒྱལ་འཐེན་ཏེ་ཕྱི་ལོ་ ༢༠༡༠ ལོའི་ཞོ་སྟོན་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་བཅས།།