༢༠༡༦ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་གྱི་གཞུང་འབྲེལ་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད། སྐབས་དེར་ཆེས་མཐོའི་སྐུ་མགྲོན་རྒྱ་གར་ནང་སྲིད་བློན་ཆེན་སྐུ་གཞོན་སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་གིས་གསུང་བཤད་གནང་དོན། ང་རང་རྒྱ་གར་གྱི་མེི་སེར་ཞིག་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་རྗེས་འབྲང་པ་ཞིག་ཡིན་པའི་ངོས་ནས་ཁྱེད་རྣམས་དང་མཚུངས་པར་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་སྐལ་ལྡན་འདུལ་བྱ་རྣམས་ལ་མུ་མཐུད་བླང་དོར་ལམ་སྟོན་སྩལ་གནང་མཛད་རྒྱུ་དང་། བདག་ཅག་རྣམས་ཀྱང་༸གོང་ས་མཆོག་གི་སྐུ་དྲུང་ནས་ལམ་སྟོན་མུ་མཐུད་ཞུ་འཐུས་ཆོག་པ་ཞུ་རྒྱུ་ཡིན། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་གཅིག་རྡ་སར་ཕེབས་སྐབས་ང་རང་ཡང་བཅར་རྒྱུ་བྱུང་།
དེ་རིང་སླར་ཡང་འདིར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེར་བརྟེན་ང་རང་བསོད་ནམས་ཅན་ཞིག་ཡིན་བསམ་དྲན་བཞིན་ཡོད། གང་ཡིན་བརྗོད་ན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་ནང་སྐྱེ་འགྲོ་ཀུན་གྱི་མགོན་དཔུང་དམ་པར་ངོས་འཛིན་ཞུ་བཞིན་ཡོད། མགོན་པོ་གང་ཉིད་མཆོག་གི་དུས་རྟག་ཏུ་ཕེབས་པའི་བཀའ་སློབ་ཚིག་གཅིག་ཡིན་ནའང་འགྲོ་བ་མི་གཙོ་བོར་གྱུར་བའི་སྐྱེ་འགྲོ་ཀུན་གྱི་ཞི་བདེ་དང་། བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཁོ་ནའི་སླད་ཡིན་པ་མ་ཟད། བཀའ་སློབ་དེ་དག་གཞན་དྲིང་མི་འཇོག་པ་ཡིན། འཕགས་བོད་གཉིས་ཀྱི་མཐུན་འབྲེལ་སྐོར་ངས་དེ་རིང་འདིར་གསལ་བཤད་ཞུ་དགོས་པ་གང་ཡང་མེད། གངས་ཏི་སི་དང་མཚོ་མ་ཕམ་གྱི་ཆུ་རྒྱུན་འབབ་སའི་ཡུལ་ལྗོངས་ནང་འཚོ་གནས་བྱེད་བཞིན་པའི་འཕགས་བོད་གཉིས་གནའ་རབས་ནས་ད་བར་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྤྱི་ཚོགས་ཀྱི་དཔལ་ཡོན་གཅིག་གྱུར་ཞིག་རྒྱུན་སྐྱོང་འོག་འགྲུལ་བཞུད་བྱས་ནས་ཡོང་བ་རེད། དེེར་བརྟེན་འཕགས་བོད་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་དེར་ཆབ་སྲིད་སོགས་གནད་དོན་གང་འདྲ་ཞིག་གིས་ཀྱང་དོ་ཕོག་གཏོང་མི་ཐུབ་པ་མ་ཟད། འཕགས་བོད་མི་རིགས་གཉིས་ཀྱི་མཛའ་འབྲེལ་མེད་པ་བཟོ་ཐུབ་ཐབས་མེད། ངས་དུས་རྒྱུན་དུ་འདི་ལྟར་བརྗོད་བཞིན་ཡོད།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ནས་རྒྱ་གར་དུ་གྲོས་བྱོལ་ལ་ཆིབས་སྒྱུར་བསྐྱངས་གནང་མཛད་པ་བྱུང་བ་ནི་གཞིས་ལུས་བོད་མི་རྣམས་ལ་ཧ་ཅང་གི་བློ་ཕམ་ཡིན་ནའང་། ང་ཚོ་འདིར་རྒྱ་གར་འཕགས་པའི་ཡུལ་གྱི་མི་མང་རྣམས་ལ་མགོན་པོ་གང་ཉིད་མཆོག་རྒྱ་གར་འཕགས་ཡུལ་དུ་བཞུགས་བཞག་མཛད་པ་འདི་ནི་ང་ཚོའི་བསོད་ནམས་ཀྱི་གོ་བསྐལ་ཞིག་ཡིན། ཆོས་ཕྱོགས་ཀྱི་ཆ་ནས་ང་ཚོ་བསོད་ནམས་ཧ་ཅང་ལྡན་པ་ཞིག་ཡིན། གང་ཡིན་ཞུ་ན། ༸སྐུ་ཉིད་མཆོག་གི་ཐུགས་རྗེའི་བྱིན་རླབས་ང་ཚོར་ཐོབ་ཡོད། མགོན་པོ་གང་ཉིད་མཆོག་སྐྱེ་འགྲོའི་བདེ་ཐབས་སླད་མུ་མཐུད་ནས་ལམ་སྟོན་མཛད་རྒྱུའི་གསོལ་འདེབས་ཞུ་རྒྱུ་དང་། སྐུ་ཉིད་མཆོག་ནི་ཆོས་ལུགས་དང་སྤྱི་ཚོགས་བྱེ་བྲག་པ་གཅིག་མི་མཚོན་པར་སྐྱེ་འགྲོ་ཀུན་གྱི་མགོན་དཔུང་ཞིག་མཚོན་བཞིན་ཡོད། དེར་བརྟེན་སྐུ་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་རྒྱུ་ནི་ང་ཚོ་སྐྱེ་འགྲོ་ཀུན་གྱི་སྐབས་བབ་ལས་འགན་ཞིག་ཆགས་ཡོད་པ་མ་ཟད། སྐུ་ཉིད་མཆོག་གིས་ལམ་སྟོན་མཛད་པ་རྣམས་བདག་ཅག་རྗེས་འབྲང་པ་རྣམས་ཀྱིས་བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་མཛད་གཙོ་རྣམ་པ་མང་པོ་ཞིག་ངའི་ངོ་ཤེས་དང་སེམས་ཐག་ཉེ་བའི་གྲོགས་པོ་ཡིན། ང་ཚོའི་དབར་གྱི་མཛད་བརྩེའི་འབྲེལ་བ་འདི་མུ་མཐུད་གནས་རྒྱུ་རེད། ཅེས་གསུང་བཤད་གནང་ཡོད།།