ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་དབུས་བླ་སྤྲུལ་མཁན་པོ་དང་སྐུ་ཚབ་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཉིས་པ་རྡ་ས་སུརྱ་གསོལ་མགྲོན་ཁང་དུ་དབུ་འཛུགས་སྐབས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ། བོད་ཀྱི་ཆོས་བརྒྱུད་ཁག་གི་དགོན་བདག་བླ་ཆེན་རྣམ་པ་དང་། སྐུ་ཚབ་རྣམ་པ། དགེ་ལྡན་ཤར་བྱང་གཉིས་ཀྱི་ཆོས་རྗེ་རྣམ་པ། བླ་སྤྲུལ་མཁན་པོ་རྣམ་པ། དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ལ་བཀའ་ཤག་སྐབས་ ༡༤ པའི་ཚབ་ཞུས་ཏེ་ སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཆོས་ཚོགས་ཐེངས་བཅུ་གཅིག་པའི་སྐབས་ངོས་རང་བཀའ་ཁྲིའི་དམ་བཅའ་ཕུལ་ཟིན་ཙམ་ཡིན། གཟིམ་ཆུང་དུ་མཇལ་ཁར་བཅར་སྐབས་༸གོང་ས་མཆོག་ལ་ཆོས་ཚོགས་ཚོགས་འདུ་འཚོགས་ཆེད་བླ་ཆེན་རྣམ་པ་དང་། མཁན་སྤྲུལ་མང་པོ་ཞིག་ཕེབས་ཀྱི་ཡོད་པར་བརྟེན། ངས་ག་རེ་ཤོད་དགོས་ཡོད་མེད་བཀའ་དྲི་ཞུས་པ་ཡིན། མགོན་པོ་གང་ཉིད་མཆོག་གིས་ཁྱེད་རང་ཆོས་སྐོར་གང་ཡང་ཤེས་ཀྱི་མེད་སྟབས། ཤེས་ཀྱི་མེད་པ་དེ་གསལ་པོ་བཟོ་དགོས། ཆབ་སྲིད་དང་རྩ་དོན་སྐོར་བཤད་ན་འགྲིག་གི་རེད་ཅེས་བཀའ་ཕེབས་བྱུང་།
ངས་ཆོས་མ་ཤེས་ཤེས་མདོག་བྱས་པ་ཡིན་ན་བླ་ཆེན་རྣམ་པའི་སྐུ་མདུན་ལ་དགེ་བ་ལས་སྡིག་པ་ཆེ་བ་ཡོང་ངེས་རེད། སྤྱིར་ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཐེངས་བཅུ་གཉིས་ཚོགས་དགོས་དོན་དང་། ཕྱི་ལོ་ ༡༩༦༣ ལོར་ཆོས་ཚོགས་ཐེངས་དང་པོ་བཙུགས་ཏེ་ད་རེས་ཆོས་ཚོགས་ཐེངས་བཅུ་གཉིས་པ་ཡིན་པ་དང་། ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ལ་བཞག་པའི་གྲོས་ཆོད་ཆ་ཚང་ལག་བསྟར་བྱས་ཡོད་ཅེས་གསུངས་པ་ལྟར། ད་ལན་ཆོས་ཚོགས་འདིའི་ཐོག་ལ་གྲོས་ཆོད་གང་བྱུང་བ་རྣམས་ལག་བསྟར་ཡོང་གི་རེད་བསམ་གྱི་འདུག
ད་ལན་ཆོས་ཚོགས་འདི་འདྲ་ཞིག་ཚོགས་ཐུབ་པ་དེ་ནི་གཞན་དང་མི་འདྲ་བ་གཟི་བརྗིད་ཆེན་པོ་རེད། གང་ཡིན་ཟེར་ན་འཛམ་གླིང་ནང་ཡི་ཤུ་དང་། ཧིན་དྷུ། ཁ་ཆེ་སོགས་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་རེད་དེ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་བླ་ཆེན་ཁག་དང་། དེ་བཞིན་མཁན་པོ་བཅས་ཡོངས་སུ་རྫོགས་པ་ཁང་མིག་གཅིག་གི་ནང་འཛོམས་ཐུབ་མཁན་ཕལ་ཆེར་ཆོས་ལུགས་གཅིག་ཀྱང་ཡོད་མ་རེད་བསམ་གྱི་འདུག ང་ཚོས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པ་དབུས་པས་དགོན་སྡེ་ཁག་གི་ནང་འགན་འཁུར་གནང་མཁན་ཚང་མ་ཁང་མིག་གཅིག་ནང་འཛོམས་ཐུབ་པ་འདི་རླབས་ཆེན་རེད་དྲན་གྱི་འདུག གཙོ་བོ་༸གོང་ས་མཆོག་གིས་བཀའ་དགོངས་ལྟར་ཕེབས་ཐུབ་པ་འདི་གཞན་དང་མ་འདྲ་བ་ཞིག་རེད་བསམ་གྱི་འདུག
ཡི་ཤུ་དང་། ཧིན་དྷུ། ཁ་ཆེའི་ཆོས་ལུགས་བཅས་ཀྱི་ནང་ཆོས་བརྒྱུད་འདྲ་མིན་མང་པོ་ཡོད་པ་དེ་དག་ཁང་པ་གཅིག་གི་ནང་ལ་འཛོམས་པ་ངས་ད་བར་གོ་མྱོང་མེད། དེ་བཞིན་ན་ནིང་༸གོང་ས་མཆོག་དབུ་བཞུགས་ཀྱིས་ལྡི་ལིར་རྒྱ་གར་ནང་གི་ཆོས་ལུགས་ཁག་ཡོངས་སུ་རྫོགས་པའི་དབར་ལ་བགྲོ་གླེང་ཚོགས་ཐུབ་པ་དེ་འདྲ་ཆོས་ལུགས་གཞན་གྱི་དབུ་ཁྲིད་ཀྱིས་དབུ་ཁྲིད་ནས་ཚོགས་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག
ད་རེས་༸གོང་ས་མཆོག་གིས་བཀའ་དགོངས་ལྟར་ཆོས་ཚོགས་ཐེངས་བཅུ་གཉིས་པ་ཚོགས་ཐུབ་པ་འདི་རླབས་ཆེན་ཡིན་པ་མ་ཟད། འཕྲལ་ཕུགས་འགྱངས་གསུམ་ནས་བོད་སྤྱིའི་རྩ་དོན་དང་། ལྷག་པར་ནང་པ་སངས་རྒྱས་ཀྱི་ཆོས་ལ་ཐུགས་ཕན་གསོས་པ་དང་ནུས་པ་ཐོན་པ་ཞིག་ཡོང་གི་རེད་བསམ་གྱི་འདུག
ཉེ་བའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ལ་ནང་ཆོས་དང་འབྲེལ་བའི་དཀའ་རྙོག་འཕྲད་བཞིན་པ་ནི་འབར་མའི་ནང་ལ་ནང་པས་ཁ་ཆེའི་ཆོས་ལུགས་ལ་དབྱེ་འབྱེད་དང་མི་གསོད་ཁྲག་སྦྱོར་ཡོད་སྐོར་ཐོན་པ་ཙམ་མིན་པར་འཛམ་གླིང་ནང་ལ་གསར་འགྱུར་སྐད་གྲགས་ཆེ་ཤོས་ཡིན་པ་ (Time Magazine) ཞེས་པའི་ནང་ལ་ཐོན་འདུག
ཤྲི་ན་གར་ནང་ཆོས་དར་སྤེལ་གཏོང་མཁན་ནི་དྷ་མ་པ་ལ་ཡིན་པ་དང་། ཁོང་དང་མཉམ་དུ་ཕྱག་ལས་གནང་མཁན་ (Sina Tibet) ཞེས་པའི་བོད་རིགས་ཤིག་ཡོད། ང་ཚོ་དེ་རིང་ཆོས་ཚོགས་ཚོགས་པའི་སྐབས་སུ་འཛམ་གླིང་ནང་ལ་ནང་ཆོས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་དང་། དེ་བཞིན་དོལ་རྒྱལ་རྗེས་འབྲང་བས་རྒྱ་མིའི་ལག་ཆ་ཆགས་ནས་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་གནས་ཚུལ་དེ་ཚོའི་ཐད་ལ་བགྲོ་གླེང་གནང་རྒྱུ་གལ་ཆེན་པོ་རེད་འདུག
ཨ་རིའི་ནང་ལ་ནང་ཆོས་དར་སྤེལ་འགྲོ་བཞིན་པར་ཆེ་མཐོང་གིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་ལ་ནང་ཆོས་བགྲོ་གླེང་ཚོགས་པ་དང་། རྒྱ་གར་ནང་སྟོན་པའི་འཁྲུངས་སྐར་ལ་རྒྱ་གར་སྲིད་བློན་མུ་དྷི་མཉམ་ཞུགས་གནང་ཡོད། ཉེ་ལམ་ཨ་རིའི་ནང་ལ་མི་སྣ་སྐད་གྲགས་ཆེ་ཤོས་སུ་ཡིན་མིན་འོས་བསྡུ་བྱས་པར་དང་པོ། ཡི་ཤུའི་བླ་ཆེན་པོབ་དང་། གཉིས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདེམས་ཐོན་བྱུང་ཡོད་པ་དང་། ཁོང་གཉིས་བརྒྱ་ཆ་ ༥༠ སྒང་ལ་སླེབས་པ་ལས་གསུམ་པ་མན་ཆད་བརྒྱ་ཆ་ ༥༠ འོག་ལ་རེད་འདུག ༸གོང་ས་མཆོག་གི་བཀའ་དྲིན་སེམས་ལ་དྲན་པའི་ཐོག་ནས་སྐུ་ལས་སྐྱོན་རྒྱུ་གལ་ཆེན་པོ་རེད། བཀའ་ཤག་འདི་ལྷིང་འཇགས་པོའི་ཐོག་ནས་འགྲོ་གི་ཡོད། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་མངོན་འདོད་ཡོད་པ་བཞིན་བསྒྲུབ་པ་ཤོག ཅེས་སོགས་ཀྱི་གསུང་བཤད་གནང་།།