ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་དབུས་བླ་སྤྲུལ་མཁན་པོ་དང་སྐུ་ཚབ་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཉིས་པར་ཆོས་རིག་བཀའ་བློན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་ཆབས་ཅིག་གསུང་བཤད་གནང་དོན། ཆོས་རིགས་ལས་ཁུངས་ངོས་ནས་གལ་ཆེ་དོན་ཆེ་བརྩིས་ཏེ་མཁན་པོ་རྣམ་པས་དབུས་བླ་ཆེན་རྣམ་པ་དང་། སྐྱེས་ཆེན་དམ་པ་མང་པོ་ཞིག་ལ་འབོད་སྐུལ་གསོལ་འདེབས་ཞུས་དོན་ལྟར་དེ་རིང་འདིར་ཕེབས་པར་ངས་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་རེད། ཆོས་བརྒྱུད་ཁག་གི་ཚོགས་འདུ་དབུ་འཛུགས་གནང་ནས་ལོ་ངོ་མང་པོ་ཞིག་ཕྱིན་ཡོད།
ཆོས་རིག་ཚོགས་འདུ་ཐེངས་དངཔོ་དེ་ཕྱི་ལོ་ ༡༩༦༣ ལོར་ཚོགས་པ་རེད། དེང་སྐབས་འཛམ་གླིང་ཡོངས་ནས་དོ་སྣང་བྱ་ཡུལ་ནི་བོད་ཀྱི་ནང་ཆོས་དེ་ཆགས་ཡོད། དེ་སྔ་བོད་ནང་ཆོས་བརྒྱུད་ཁག་མཉམ་དུ་འཛོམས་ཏེ་ཚོགས་འདུ་ཚོགས་པའི་ལམ་སྲོལ་མེད་ཀྱང་། འདི་ཕྱོགས་སུ་ཆོས་ཚོགས་དང་པོ་ཚོགས་རྗེས་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱུང་ཡོད། གཞིས་ཆགས་ཁག་ལ་ཆོས་སྡེ་དང་། སློབ་གྲྭ སྨན་ཁང་མང་པོ་བཙུགས་ཡོད། ཆོས་སྡེ་ཁག་ལ་ཕྱིས་སུ་བོད་མིའི་སྒྲིག་འཛུགས་ངོས་ནས་དངུལ་དངོས་གཏོང་མི་དགོས་པར་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་ཐུགས་འགན་བཞེས་ཏེ། འདྲ་འདྲ་ནང་ནས་མ་འདྲ་ཞིག་གནང་ནས་སྐུ་ངལ་འཛེམས་མེད་ཐོག་ད་ཆ་ཡར་རྒྱས་ཚད་གཞི་མཐོ་པོ་བསླེབས་ཡོད་པ་དེ་ངས་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དྷ་རམ་ས་ལར་བླ་ཆེན་ཁག་ཕེབས་ནས་ཆོས་ཚོགས་ཚོགས་ཡུལ་གོ་སྒྲིག་ཞུ་ཁག་པོ་ཡོད་ཀྱང་། ད་ལན་དེ་སྔ་འདི་ལ་ཚོགས་མྱོང་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གོ་སྒྲིག་ཞུ་ཐུབ་པ་བྱུང་སོང་། འོན་ཀྱང་གུ་ཡངས་པོ་མ་བྱུང་བར་ཆོས་རིག་ལས་ཁུངས་ནས་བཟོད་སྲོལ་ཞུ་གི་ཡོད།
ང་ཚོ་སྐྱབས་བཅོལ་བ་ཞིག་ཡིན་པ་དང་ང་ཚོའི་ཆོས་དང་རིག་གཞུང་། མི་རིགས་བཅས་རྩ་མེད་འགྲོ་རྒྱུའི་ཉག་ཕྲ་བའི་དུས་ཚོད་ཅིག་བསླེབས་ཡོད་པར་བརྟེན། འདི་ལྟ་བུ་བླ་ཆེན་ཁག་དབུ་བཞུགས་ཐོག་ལྷན་ཚོགས་འཚོགས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ད་བར་ཆོས་ཚོགས་ཐེངས་བཅུ་གཅིག་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ནས་ ༢༥ བར་ཚོགས་ཁང་འདིར་ཚོགས་པ་རེད། སྐབས་དེར་གྲོས་ཆོད་བརྒྱད་བཞག་པ་ཁག་ལོ་བཞིའི་རིང་ཆོས་རིག་ལས་ཁུངས་ནས་ལག་བསྟར་བྱས་ཡོད་པ་རྣམས་རིམ་པས་སྙན་སྒྲོན་ཞུ་རྒྱུ་ཡིན།
ཕྱི་རྒྱལ་ཁག་ལ་ཆོས་ཚོགས་ ༨༠༠ ལྷག་འདུག་པ་དེ་དག་གི་ནང་བསྟན་འཛིན་སྐྱེ་ཆེན་དམ་པ་མང་པོ་བཞུགས་ནས་ཆོས་རིག་འཛིན་སྐྱོང་གནང་བཞིན་འདུག བོད་ནང་གི་བོད་མི་རྣམ་པས་ཀྱང་བཙན་བྱོལ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་བཏང་དང་གཏོང་བཞིན་ཡོད་པ་དེར་ཡི་རང་བསྔགས་བརྗོད་དང་རེ་སེམས་བཅོལ་བཞིན་ཡོད།
དེང་སྐབས་དགོན་སྡེ་ཁག་གི་ནང་གྲྭ་རྒྱུན་ཉུང་དུ་འགྲོ་བཞིན་ཡོད་ཀྱང་ཆོས་རིག་ལས་ཁུངས་ནས་བྱ་ཐབས་གང་ཡང་མི་འདུག འོན་ཀྱང་གྲངས་ཚད་ལས་སྤུས་ཚད་ལེགས་པར་ངོས་འཛིན་གྱིས་སྔར་སྲོལ་བཟང་པོ་མི་ཉམས་པ་བྱ་རྒྱུ་དང་། གསར་གཏོད་བྱ་རྒྱུ་ནི་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པར་ཕན་ཐོགས་ཡོད་པ་ཞིག་རེད་འདུག སྔར་སྲོལ་བཟང་པོ་ཡོད་པ་ཙམ་གྱིས་དེང་དུས་དང་མཐུན་པ་ཞིག་ཡོང་མིན་གཟིགས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག
རང་ཉིད་ལ་ཆོས་རིག་བཀའ་བློན་གྱི་མིང་ཞིག་ཡོད་པའི་ཆ་ནས་ཡུ་རོབ་སོགས་ཕྱི་རྒྱལ་ཡུལ་ཁག་ལ་སླེབས་སྐབས་ཆོས་ཚོགས་ཁག་ལ་བསླེབ་ཐབས་བྱེད་ཀྱི་ཡོད། དེ་ལྟར་བྱས་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ཡོང་ཐུབ་མིན་སོགས་ཀྱི་དྲི་བ་མང་པོ་ཞིག་སེམས་ནང་རང་བཞིན་གྱིས་སླེབས་ཀྱི་འདུག
དཔལ་འབྱོར་བཟོ་རྒྱུ་གལ་ཆེ་ཤོས་ལ་བརྩིས་པ་ཡིན་ན་ནམ་ཞིག་ཕྱི་རྒྱལ་མི་རྣམས་ཀྱི་བོད་མིར་འཛིན་པའི་རྣམ་འགྱུར་གང་འདྲ་ཆགས་ཡོང་ངམ་སྙམ་གྱི་འདུག རྒྱ་མི་རིགས་ཚོས་དངུལ་མང་པོ་འབུལ་གྱི་ཡོད་པས་རྒྱ་ནག་སོགས་ལ་དངུལ་དངོས་འཚོལ་སྒྲུབ་ཆེད་ཆོས་སྤེལ་བར་ཕེབས་མཁན་ཡོད་སྲིད་པས་བླ་ཆེན་སྐུ་ཚབ་ཚང་མས་ཐུགས་འགན་བཞེས་ནས་བོད་ནང་ལ་བཀའ་སློབ་གནང་རོགས་ཞུ་རྒྱུ་ཡིན།
འདས་པའི་དུས་རབས་ནང་གང་བྱུང་བ་དང་། མ་འོངས་པར་ག་རེ་བྱེད་དགོས་མིན་གཟིགས་པ་རྣམས་ཆོས་རིག་ལས་ཁུངས་ལ་བཀའ་གནང་རོགས་ཞུ་རྒྱུ་ཡིན། ཆོས་བརྒྱུད་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་པ་བཞིན་ད་ལྟ་བར་དུ་བཙན་བྱོལ་ནང་ཧ་ལས་པའི་ཡག་པོ་བྱུང་འདུག་ལ། མ་འོངས་པར་དེའི་ཐད་དགོངས་བཞེས་གནང་གལ་མཐོང། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་བརྒྱུད་ཆེན་པོ་ཁག་དབར་ལ་བགྲོ་གླེང་གནང་བ་ཡག་པོ་བྱུང་སོང་། ད་ཐེངས་ཆོས་ཚོགས་འདིའི་ཐོག་ལ་གྲོས་ཆོད་གང་བཞག་པ་གཞིར་བཞག་ནས་ཆོས་རིག་ལས་ཁུངས་ནས་ལས་དོན་བསྒྲུབ་ཀྱི་ཡིན། སྟབས་མ་བདེ་བ་བྱུང་ཡོད་ན་ཆོས་རིག་ལས་བྱེད་ཚང་མའི་ཚབ་ཞུས་ནས་བཟོད་གསོལ་ཞུ་གི་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།།