༢༠༡༥ ཟླ་ ༦ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༤ ཉིན་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨི་ལི་སི་ཏའི་ནང་ Elista སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ བཞེས་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྲུང་བརྩི་ཞུ་ཆེད་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་གོ་སྒྲིག་ཞུས་པར་མི་གྲངས་ ༡༠༠༠ བརྒལ་བས་མཉམ་ཞུགས་གནང་འདུག
སྤྱིར་འདུ་འཛོམས་དེ་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་འདུག་པ་དང་། རོལ་མོ་དཀྲོལ་མཁན་མི་གྲངས་ ༣༣༠ ཙམ་གྱིས་རོལ་མོའི་ལམ་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གླུ་དབྱངས་ཕུལ་འདུག རོལ་ཆ་བའི་ཁྲོད་མང་ཆེ་བ་གཞོན་སྐྱེས་ཡིན་འདུག་པ་དང་། ཁོང་ཚོས་དགའ་མོས་ཆེ་ཤོས་བྱ་ཡུལ་ནི་རང་གི་སྲོལ་རྒྱུན་རོལ་དབྱངས་སྡོམ་ར་ dombra ཞེས་པ་དེ་ཡིན་འདུག
ཁལ་མུཀ་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ལས་ཁུངས་ནས་རོལ་དབྱངས་ཀྱི་མཆོད་པའི་འདུ་འཛོམས་དེར་རྒྱབ་སྐྱོར་གནང་འདུག་བ་མ་ཟད། ཁལ་མུཀ་ཤེས་རིག་དང་ཚན་རིག་བློན་ཆེན་ལས་ཁུངས། རྒྱལ་ས་ཨི་ལི་སི་ཏའི་གྲོང་སྡེ་སྤྱི་ཁྱབ་ལས་ཁུངས། ཁལ་མུཀ་རྒྱལ་ཡོངས་རོལ་རྩེད་རུ་ཁག ཁལ་མུཀ་བུད་མེད་ལྷན་ཚོགས། དེ་བཞིན་ཚོགས་པ་གཞན་ཁག་སོགས་ཀྱིས་མཐུན་འགྱུར་གནང་འདུག
སྤྱིར་འདི་ལོར་འཛམ་གླིང་གི་ས་ཕྱོགས་གང་སར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ བཞེས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་རྒྱུའི་ཆ་ཤས་སུ། ཁུལ་དེར་རྟེན་གཞི་བྱས་པའི་ནང་པའི་མ་དགོན་ “The Golden Abode of Buddha Shakyamuni” ཞེས་པའི་མདུན་དུ་༸སྐུའི་གྱ་སྟོན་གྱི་མཛད་སྒོ་རྒྱས་པ་ཞིག་སྲུང་བརྩི་ཞུས་འདུག མ་དགོན་དེ་ནི་ཡུ་རོབ་དང་ཨུ་རུ་སུ་ནང་གི་དགོན་པ་ཆེ་ཤོས་གྲས་ཤིག་ཆགས་ཡོད། དགོན་པའི་རྒྱལ་སྒོའི་མདུན་དུ་རས་ཆའི་སྟེང་༸གོང་ས་མཆོག་དང་རྒྱབ་ལྗོངས་སུ་ཕོ་བྲང་པོ་ཏཱ་ལའི་སྐུ་པར་ཡོད་པའི་ཕྲད་དར་ཆེན་པོ་ཞིག་སྒྲིག་གཤོམ་གནང་ཡོད།
མཛད་སྒོའི་སྐབས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཐེངས་འདིར་མཛད་སྒོ་ནི་ལོ་རྒྱུས་ཐོག་འཁོད་ཐུབ་པ་ཞིག་ཆགས་ཡོད་པ་མ་ཟད། ༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཐོག་མཉམ་ཞུགས་གནང་མཁན་འཁྲབ་སྟོན་པ་དང་ལྟད་མོ་ལྟ་མཁན་གཉིས་ཀའི་སེམས་ནང་སེམས་འགུལ་ཆེན་པོ་ཞིག་ཐེབས་ངེས་ཡིན་སྐོར་དང་།
གཞན་ཡང་༸གོང་ས་མཆོག་ནི་ཁལ་མུཀ་མི་མང་གི་རྩ་བའི་བླ་མ་ཆགས་ཡོད་སྟབས་ཐེངས་འདིར་རང་གི་རྩ་བའི་བླ་མ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་རོལ་དབྱངས་ཀྱི་མཆོད་པ་འབུལ་རྒྱུ་བྱུང་བ་དེར་ཁལ་མུཀ་འགོ་ལས་ཡོངས་ཀྱིས་དགའ་སྤོབས་སྐྱེས་འོས་པ་ཞིག་ཡིན་སྐོར་སོགས་གསུངས།
ཁལ་མུཀ་ནང་༸སྐུའི་གྱ་སྟོན་མུ་མཐུད་སྲུང་བརྩི་ཞུ་རྒྱུ་ཡིན་འདུག ཁལ་མུཀ་མི་མང་གིས་བོད་ཀྱི་ཐུན་མིན་རིག་གཞུང་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན། འདི་ལོའི་ཕྱི་ཟླ་ ༧ པའི་ཟླ་འགོར་ཐེངས་དང་པོར་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་མགྲོན་འབོད་ཀྱིས་འཁྲབ་སྟོན་གནང་རྒྱུ་ཡིན་འདུག ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ཡིན་སྟབས། འཛམ་གླིང་གི་ས་ཕྱོགས་གང་སར་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་རྒྱུའི་ཉིན་མོ་ཡིན། དེར་བརྟེན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ Central House of Cinema ནང་བོད་ཀྱི་ཟློས་གར་ཚོགས་པས་གཞས་སྣ་འཁྲབ་སྟོན་གནང་རྒྱུ་ཡིན་འདུག་པ་བཅས།།