ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་གར་བལ་ཡུལ་བོད་མིའི་ས་ཡོམ་ཛ་དྲག་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། བལ་ཡུལ་དང་བོད་དེ་བཞིན་རྒྱ་གར་བྱང་ཕྱོགས་ས་ཁུལ་སོགས་ཀྱི་ནང་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་གློ་བུར་བསམ་ཡུལ་ལས་འདས་པའི་ས་ཡོམ་ཤུགས་ཚད་ ༧།༩ ཅན་ཞིག་བརྒྱབ་པ་དང་། དེ་རྗེས་སླར་ཡང་ས་འགུལ་ཆུང་ཚག་རིགས་བསྟུད་མར་བྱུང་བའི་འབྱུང་བའི་འཇིགས་པའི་གནོད་འཚེའི་འོག་མི་རྒྱུར་གནོད་སྐྱོན་ཚབས་ཆེན་ཕོག་པར་བརྟེན། བལ་ཡུལ་བོད་མིའི་ས་ཡོམ་ཛ་དྲག་ཚོགས་ཆུང་གིས་ཚོགས་ཐེངས་གསུམ་པའི་གྲོས་ཆོད་དགོངས་དོན་བཞིན། ད་ལྟའི་ཛ་དྲག་གི་གནས་སུ་གྱར་ནས་ཧ་ཅང་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་རང་རེའི་བོད་མི་རྣམས་ཀྱི་གདུང་སེམས་མཉམ་སྐྱེ་མཚོན་སླད་འདས་པོའི་ཞག་ཞེ་དགུའི་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་རྒྱུའི་གྲོས་ཆོད་དགོངས་དོན། བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ཁུལ་དུ་གནས་སྡོད་བོད་མི་སེར་སྐྱ་མི་མང་བརྒྱད་བརྒྱ་ལྷག་ཙམ་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན་མཆོད་འཇོར་ས་གནས་འགོ་འཛིན་ཚོགས་ཁང་ཆེན་མོའི་ནང་འདུ་འཛོམས་ཀྱིས་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཞག་ཞེ་དགུའི་ཉིན་དེར་ཐོག་མ་ཞོགས་པ་ཚོུད་ ༥ ཙམ་ནས་སེང་བྲག་དགོན་པའི་གྲྭ་བཙུན་ཉི་བརྒྱ་ལྷག་ཙམ་ནས་བདེ་ཆེན་ཞིང་སྒྲུབ་ཆོ་གའི་སྒོ་ནས་གསོལ་ཚོགས་རྒྱས་པ་ཞིག་གཤོམ་འབུལ་དང་སྦྲགས་དགོང་མོ་ཚོུད་ ༥ བར་སྔོ་སྨོན་དང་གསོལ་འདེབས་སྨིན་རྒྱས་ཤིག་གནང་ཡོད།
དེ་བཞིན་བལ་ཡུལ་བོད་མིའི་ས་ཡོམ་ཛ་དྲག་ཚོགས་ཆུང་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་ཉིན་དགུང་གསོལ་ཚིགས་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་བལ་སྒོར་ ༡༥༠ རེར་ཕུལ་ཡོད་པ་བཅས།།