ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ཁྱབ་ཁོངས་སེར་སྐྱ་མི་མང་ནས་བརྟན་བཞུགས་གསོལ་འདེབས་སྐབས་དགྱེས་པའི་མཆོད་སྤྲིན་དུ་ཕུལ་བའི་དམ་བཅའ་ཁག་ལྔ་ཕུལ་བ་གཤམ་གསལ།
༡། མགོན་པོ་གང་ཉིད་ནས་དུས་དང་རྣམ་པ་ཀུན་ཏུ་སྩལ་དང་སྩོལ་བཞིན་པའི་བོད་བསྟན་སྲིད་ལ་སྲི་ཞུའི་བླང་དོར་ལམ་སྟོན་སྤྱི་དང་། ལྷག་པར་བདག་ཅག་ཕྱི་རྒྱལ་ལུང་པར་གནས་སྡོད་ཁག་གིས་མཐོ་ཚད་ནས་བོད་ཀྱི་ཆོས་དང་རིག་གཞུང་དང་མི་རིགས་སྤྱིའི་དོན་དམ་པའི་མཚོན་དོན་དུ་གྱུར་པ་དང་། མ་མཐའ་ཡང་མི་རིགས་ཀྱི་མཚན་ཤས་སུ་མི་འགྲོ་བའི་བླང་དོར་མཇུག་སྒོའི་ལམ་སྟོན་ཁག་ལ་བསམ་སྦྱོར་གཉིས་ནས་དུས་ནམ་ཡང་མི་འགལ་བའི་ཡང་དག་པའི་སྤང་བླང་གི་དམ་བཅའ་ཞུ་རྒྱུ་དང་།
༢། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་ཡོད་ལམ་སྟོན་ཐོག་ཤར་བསྐྱོད་ཀྱི་དམ་ཚིག་ལ་རྒྱ་གཅིག་ཏུ་གནས་རྒྱུའི་དམ་བཅའ་ཞུ་རྒྱུ།
༣། ཨོ་གླིང་བོད་མིའི་ཚོགས་པ་སྤྱིའི་སྒྲིག་སྲོལ་དང་ནང་ཁྲིམས་དང་མི་འགལ་བའི་དམ་ཚིག་ལ་གནས་རྒྱུའི་དམ་བཅའ་ཞུ་རྒྱུ།
༤། བསྟན་ལ་ལོག་པར་འཁུ་བ་དོལ་རྒྱལ་རྗེས་འབྲང་པར་ཆོས་དང་ཟང་ཟིང་གི་འབྲེལ་ཐག་གཙང་བཅད་ཀྱི་སྔར་ཡོད་ཀྱི་དམ་ཚིག་རྨ་མེད་པ་དག་འདི་ཕྱི་ཀུན་གྱི་ལེགས་ཚོགས་ཀྱི་དམ་ཚིག་གཅིག་ཉིད་དུ་བཟུང་རྒྱུའི་དམ་བཅའ་ཞུ་རྒྱུ།
༥། ཕ་རོལ་ནག་པོའི་ཕྱོགས་ཀྱི་གཡོ་འོག་ཏུ་མ་ཚུད་པའི་དུས་ཀུན་ཏུ་ཡིད་གཟབ་ལྷོད་མེད་ཞུ་རྒྱུའི་དམ་བཅའ་ཞུ་རྒྱུ་བཅས་ནི་བརྟན་བཞུགས་ཀྱི་ནང་བསམ་པའི་སྦྱོར་བ་དངོས་དེ་ཡིན།།