༢༠༡༠ ཕྱི་ཟླ་ ༤ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོལ་ཝི་ནི་ཡའི་རྒྱལ་སའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཕེ་རང་ཀཱངྒ་ལར་ (Franc Kangler) ལགས་དང་སོལ་ཝི་ནི་ཡའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་བོ་བ་ཇལ་ Ivo Vajgl དང་དེ་བཞིན་བོད་རིགས་གཙོས་པའི་འབྲེལ་ཡོད་མི་གྲངས་ ༢༠༠ ཙམ་གྱིས་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་རྗེས་རྒྱལ་ས་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༡༥༠ ཙམ་ཡོད་པའི་སོལ་ཝི་ནི་ཡའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་མ་རི་བྷོར་ (Maribor) དུ་༸ཞབས་སོར་གྱིས་ཁུལ་དེར་ཕྱི་ཚེས་ ༥ ནས་ ༧ གྱི་ཕྱེད་ཡོལ་བར་མཛད་འཆར་རྒྱ་ཆེ་ཡོད་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་ ཕྱི་ཟླ ༤ ཚེས་ ༣ ནས་ ༤ བར་རྒྱ་གར་བྱང་ཕྱོགས་ཧིན་དྷུའི་གནས་ཆེན་ཁག་གཉིས་ལ་ཆིབས་སྒྱུར་བསྐྱངས་ཏེ་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་ཡུ་རོབ་རྒྱལ་ཁབ་སོལ་ཝི་ནི་ཡར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད། དེ་ཡང་གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་གིས་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་ཐོག་གསལ་བཤད་གནང་དོན།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཞི་བདེ་དང་འཆམ་མཐུན་ཆེད་དུ་འབད་བརྩོན་མཛད་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོས་གདན་འདྲེན་ཞུས་ཡོད་ཅེས་གསུངས་ཡོད། དེ་ཡང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་རི་བྷོར་གྲོང་ཁྱེར་ནང་དུ་ཡོད་པའི་སྐྱེད་མོས་ཚལ་ཞིག་གི་ནང་ཞི་བའི་ལྗོན་ཤིང་འདེབས་འཛུགས་མཛད་རྒྱུ་ཡིན་པ་དང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་རི་བྷོར་སློབ་གྲྭ་ཆེ་བ་ཐོག་མ་དེའི་མདུན་ཐང་དུ་སློབ་ཕྲུག་གྲངས་ ༡༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ཉིན་རྒྱབ་ཌོབ་ར་ནཱ་ཊ་བྷོར་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ ༥༠༠༠ ཙམ་ལ་སྟོང་ལོ་གསར་པར་སྨན་པའི་ཀུན་སྤྱོད། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༧ སྔ་དྲོ་ཡུ་རོབ་ཤེས་ཡོན་དང་སྒྱུ་རྩལ་བསྟི་གནས་ཁང་དང་། དེ་བཞིན་མ་རི་བྷོར་གཙུག་ལག་སློབ་ཁང་གཉིས་ཀྱིས་གདན་ཞུའི་ཐོག་མགོན་པོ་གང་ཉིད་མཆོག་གིས་ཤེས་ཡོན་ཅན་གྱི་མི་སྣ་དང་། གྲོས་ཚོགས་མི་སྣ། དེ་བཞིན་ཆེད་མངགས་གདན་ཞུ་གནང་བའི་སྐུ་མགྲོན་བཅས་ཁྱོན་མི་གྲངས་ ༨༨༠ ཙམ་ལ་སོལ་ཝི་ནི་ཡའི་རྒྱལ་ཡོངས་འཁྲབ་སྟོན་ཁང་ཆེན་མོའི་ནང་བྱམས་བརྩེའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༧ ཉིན་མགོན་པོ་གང་ཉིད་མཆོག་སོལ་ཝི་ནི་ཡ་ནས་སུད་སིར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག