༢༠༡༥ ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅།།བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་འབུམ་སྡེ་ལར་ཨ་རུ་ན་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་འཇམ་དཔལ་དབང་འདུས་ལགས་དང་ལྷན། ས་གནས་མང་ཚོགས་རྣམས་དང་ལྷན་ཚོགས་གནང་འདུག སྐབས་དེར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཉིན་ཤས་སྔོན་ཙམ་དུ་རྒྱལ་ས་ཨི་ཊ་ན་གར་དུ་མངའ་སྡེའི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་རྒྱ་གར་དབུས་གཞུང་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་ཡོང་ཐབས་གནང་བའི་བརྒྱུད་རིམ་མང་ཚོགས་རྣམས་ལ་གསལ་བཤད་གནང་བ་མ་ཟད།
གཞན་ཡང་ཨ་རུ་ན་ཅལ་སློབ་ཕྲུག་ཚོགས་པས་ (AAPSU) སྐྱབས་བཅོལ་བོད་མིར་ལྟ་སྟངས་ཐོག་གནས་སྟངས་ཇི་འདྲ་ཡིན་སྐོར་དང་དཀའ་ངལ་སེལ་ཐབས་ཆེད་ཐབས་ལམ་ཇི་དགེ་རྣམས་ངོ་སྤྲོད་གནང་བ་དང་སྦྲགས། ས་གནས་བོད་རིགས་ཚོས་ཀྱང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་བཀུར་ཞུས་ཏེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུ་མེད་པའི་རེ་བསྐུལ་གནང་བ་མ་ཟད། སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་སྤྱི་ཚོགས་ནང་རྙོག་གྲ་སྤེལ་མི་རུང་སྐོར་ལམ་སྟོན་གནང་། སྐབས་དེར་འཇམ་དཔལ་དབང་འདུས་ལགས་ཀྱིས་རྟ་དབང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མི་མང་། དེ་བཞིན་སློབ་ཕྲུག་བཅས་ཀྱི་ཚབ་ཞུས་ནས་བོད་མིར་གདུང་སེམས་མཉམ་སྐྱེ་གནང་བ་མ་ཟད། དགོས་གལ་ནམ་བྱུང་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག དེ་རྗེས་བཀའ་བློན་མཆོག་དང་ས་གནས་འགོ་འཛིན་རྣམ་གཉིས་ནས་ས་གནས་དཔོན་རིགས་དང་མཇལ་འཕྲད་ཀྱིས་སྐྱབས་བཅོལ་བོད་མིའི་གནད་དོན་ཁག་སྙན་སེང་ཞུས་ཡོད་པ་བཅས།།