ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ཉིན་རྡ་སྟེང་བོད་ཁྱིམ་རྩེད་ཐང་དུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་གསེར་གྱི་རྟགས་མའི་རྩེད་འགྲན་ཐེངས་ ༢༡ པའི་ཉིན་མཐའ་མའི་མཇུག་སྡོམ་མཛད་སྒོ་རྒྱས་པ་ཞིག་འཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྩེད་ཐང་གི་རྭ་བའི་གཡས་གཡོན་དུ་སྤྲོ་སྣང་གི་སྐད་སྒྲ་འུར་ཆིལ་ལེར་སྒྲོག་པའི་དབུར་མོན་གྷོ་འདོད་རྒུ་གླིང་དང་པོག་ར་བཀྲ་ཤིས་གླིང་སྤོ་ལོའི་རུ་ཁག་རྣམ་གཉིས་ཀྱི་རྩེད་འགྲན་པ་རྣམས་རྩེད་ཐང་དུ་རུ་བསྒྲིགས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་སྐུ་མགྲོན་གྱི་གཙོ་བོར་སྡིངས་ཆའི་སྟེང་ཕེབས་བསུ་ཞུས།
ཐེངས་དེའི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་པའི་ཕྱག་རོགས་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་རྒྱུན་ལས་ལྷན་རྒྱས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། བོད་ཁྱིམ་འགན་འཛིན་དང་ལས་བྱེད། རྡ་ས་གཙོས་འགྱུར་ཕྱོགས་མཐའ་འདྲ་མིན་ནས་ཕེབས་པའི་རྐང་རྩེད་སྤོ་ལོར་སྤྲོ་སྣང་དང་དགའ་ཞེན་ཆེ་བའི་མི་ཚོགས་སྟོང་ཕྲག་བརྒལ་བར་འདུ་འཛོམས་གནང་འདུག མཛད་སྒོའི་ཐོག་མར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་གོ་སྒྲིག་གནང་མཁན་དང་། འགན་འཁུར་གནང་མཁན་ཚང་མར་ངོས་ཀྱི་བཀའ་ཤག་གིས་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དི་རིང་འདིར་མོན་གྷོ་དང་པོག་ར་རུ་ཁག་གཉིས་དབར་རྐང་རྩེད་འགྲན་བསྡུར་གནང་རྒྱུ་ཡིན་པ་རེད།
གཞི་རྩའི་ཐེངས་འདིར་རྐང་རྩེད་སྤོ་ལོ་རྩེད་འགྲན་ནང་གི་ཨ་རི་རུ་ཁག་གཙོས་པའི་རྒྱ་གར་དང་བལ་ཡུལ་ཡོ་རོབ་བཅས་ནས་རུ་ཁག་ཉི་ཤུ་རྩ་བརྒྱད་ཀྱིས་རྐང་རྩེད་སྤོ་ལོ་འགྲན་སྡུར་བྱས་པའི་རིང་རྙོག་གྲ་གང་ཡང་མ་བྱུང་བ་དེར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་རིང་རྩེད་མོ་རུ་ཁག་ཉི་ཤུ་རྩ་བརྒྱད་ནས་རུ་ཁག་གཅིག་ལ་རྒྱལ་ཁ་ཐོབ་དགོས་ཀྱི་ཡོད་སྟབས། ཚང་མས་རྙོག་གྲ་མེད་པར་མཐུན་སྒྲིལ་གྱི་སྒོ་ནས་རྩེད་མོ་རྩེད་གནང་བ་དང་། དེ་བཞིན་རྩེད་མོ་དེའི་བརྒྱུད་ནས་མང་ཚོགས་ལ་འཕྲོད་བསྟེན་གལ་ཆེ་ཚུལ་སྐོར་གྱི་གོ་རྟོགས་བསྐྲུན་པ་འདི་ཧ་ཅང་གི་ཡག་པོ་རེད་བསམས་ཀྱི་འདུག གང་ཡིན་ཞུ་ན། མི་ཚེ་འདི་ཡི་ནང་འཕྲོད་བསྟེན་ནི་གལ་ཆེན་པོ་ཞིག་ཆགས་ཡོད། འཕྲོད་བསྟེན་མེད་ན་རྒྱུ་ནོར་དཔལ་འབྱོར་ཕྱུག་པོ་ཇི་ཙམ་ཡོད་རུང་མི་ཚེའི་སྙིང་པོ་མེད་པ་ཆགས་ཀྱི་ཡོད། དེར་བརྟེན་འཕྲོད་བསྟེན་ལེགས་པོ་ཡོང་དགོས་པ་དང་། འཕྲོད་བསྟེན་ཡག་པོ་ཡོང་བར་རྐང་རྩེད་དང་ལག་རྩེད་སྤོ་ལོ་སོགས་ཕྱོགས་གང་ཅིའི་ཐད་ནས་གཞིས་ཆགས་ཁག་གི་ནང་རྩེད་མོར་དོ་སྣང་མང་བ་འགྲོ་གི་ཡོད། སྔ་མོ་ང་ཚོ་བཙན་བྱོལ་ནང་ཡོང་སྐབས་དཔལའབྱོར་གནས་སྟངས་སྐྱོ་བའི་ཆ་ནས་གློ་ནད་དེ་ཀྲི་སྦི་ TB དང་དུག་སྦྲང་ལས་བྱུང་བའི་ན་ཚ་སྟེ་མ་ལེ་རཤ་ཡ་ Malaria སོགས་ཀྱི་རྐྱེན་པས་ནད་ཡམས་དེ་འདྲ་ཡོང་གི་ཡོད། ཉེ་བའི་འཆར་ང་ཚོའི་སྤྱི་ཚོགས་དེ་ཁྱད་མཚར་ཞིག་ཡིན་སྟབས་རྒྱུ་སྐྱོ་བའི་ན་ཚ་གློ་ནད་ལྟ་བུར་མཚོན་ན་གློ་ནད་ནང་ནས་ཛ་དྲག་པའི་གློ་ནད་ཨེམ་ཀྲི་ཨར་དང་ཨེགས་ཀྲི་ཨར་ MTR XTR ཟེར་བ་སོགས་ཀྱི་ན་ཚ་དེ་ཚོ་བཅོས་ཐབས་ཡིན་ནའང་ལོ་རེར་རྒྱ་གར་སྒོར་མོ་འབུམ་གཉིས་གསུམ་བཏང་དགོས་པ་དེ་འདྲ་ན་གི་ཡོད། དེ་དང་མཉམ་དུ་ཕྱུག་པོའི་ན་ཚ་ལྟ་བུ་ཁྲག་ཤེད་མཐོན་པོའི་ན་ཚ་དང་། ཅི་ནི་སོགས་ཀྱི་ན་ཚ་དེ་འདྲ་ཡང་ཡོད། ན་ཚ་དེ་དག་ཡོང་བའི་རྒྱུ་རྐྱེན་ནི་ཤ་མར་སོགས་ཟ་རྒྱུ་མང་དྲགས་པ་དང་ལུས་རྩེད་ཉུང་དྲགས་པར་བརྟེན་ནས་བྱུང་བ་ཞིག་ཡིན།
མདོར་ན་ང་ཚོའི་སྤྱི་ཚོགས་ནང་དབུལ་ཕྱུག་གཉིས་ཀའི་ན་ཚོ་ཡོང་གིན་ཡོད། དེ་གཉིས་ཀ་བཅོས་ཐབས་བྱ་བར་འཕྲོད་བསྟེན་གལ་ཆེན་པོ་ཡིན་པའི་ཐོག་ནས་རྩེད་མོའི་རིགས་གང་མང་མང་བོད་པའི་སྤྱི་ཚོགས་ནང་དར་བ་ཡིན་ན་འཕྲོད་བསྟེན་ལ་ཕན་གྱི་རེད། དེང་སྐབས་གཞོན་སྐྱེས་ཀྱི་ནང་གཉེན་ནད་རེགས་དུག་གི་ན་ཚ་སོགས་ཡོང་གི་ཡོད། ན་ཚ་དེ་ཉིད་ཡོང་དགོས་དོན་ནི་ཐ་མག་ཉེས་ཐག་འཐེན་པ་དང་ཁབ་བརྒྱབ་པ་དང་། ཁྲག་གི་བརྒྱུད་ནས་ཡོང་གི་ཡོད། ནད་རིགས་དེ་དག་བཅོས་ཐབས་ཆེད་དུ་རྩེད་རིགས་ནང་གང་ཐུབ་ཐུབ་ཀྱིས་མཉམ་ཞུགས་གནང་བ་ཡིན་ན་འཕྲོད་བསྟེན་ཡག་པར་ཡོང་རྒྱུ་དང་། འཕྲོད་བསྟེན་ཇི་ཙམ་ཡག་པོ་ཡོད་པ་དེའི་ཚོད་ཀྱིས་ང་ཚོའི་རྩ་དོན་རྩོད་པའི་སྒྲིག་འཛུགས་ལའང་ཐུགས་ཕན་གསོས་པ་ཡོང་གི་ཡོད། ཉེ་བའི་འཆར་མོན་གྷོ་དང་ཀོ་ལི་གྷར་སོགས་ཀྱི་ནང་ངོས་རང་ཕྱིན་སྐབས་གཞིས་མི་ཚོ་རྐང་སྤོལ་རྩེད་རྒྱུ་དང་བལྟ་རྒྱུར་དོ་སྣང་ཤུགས་ཆེན་པོ་ཡོད་པ་མངོན་གྱིན་འདུག་ལ། གཞིས་ཆགས་ཁག་གི་ནང་རྩེད་མོའི་དགོས་མཁོ་སོགས་ཀྱི་ཐད་ལ་བཀའ་ཤག་ནས་ཕྲན་བུ་རོགས་བསྟེགས་བྱས་ཡོད།
མ་འོངས་པར་གཞིས་ཆགས་ཀྱིས་སྣེ་ཁྲིད་པའི་ཐོག་ནས་འགན་འཁུར་བླངས་རྗེས་རྩེད་རིགས་གང་མང་མང་ཞིག་སྤེལ་ཐུབ་པ་ཡིན་ན་བཀའ་ཤག་ངོས་ནས་མཐུན་འགྱུར་བྱ་རྒྱུ་ཡིན། གང་ལ་ཞུ་ན་རྩེད་མོ་དེ་ཡང་འཕྲོད་བསྟེན་དང་མཐུན་སྒྲིལ་གཉིས་ཀྱི་ཐོག་ནས་གནད་འགག་ཞིག་ཆགས་ཡོད། མཐའ་དོན་ད་ཐེངས་རུ་ཁག་ཉི་ཤུ་རྩ་བརྒྱད་དབར་མཐུན་སྒྲིལ་གྱིས་སྒོ་ནས་རྐང་རྩེད་སྤོ་ལོ་འགྲན་སྡུར་གནང་བ་བཞིན་འབྱུང་འགྱུར་དེ་དེ་བཞིན་དུ་སྤྲོ་སྣང་དང་ལྡན་པའི་སྒོ་ནས་བརྩེ་གནང་ཡོང་བ་ཞུ་རྒྱུ་ཡིན་བཅས་གསུང་བཤད་གནང་། དེ་རྗེས་སྲིད་སྐྱོང་མཆོག་གིས་དེ་སྔ་བོད་ས་མ་ཤོར་བའི་སྐབས་བོད་ནང་རྐང་རྩེད་སྤོ་ལོ་རྩེད་མཁན་ཐུབ་བསྟན་ཆོས་འཕེལ་ལགས་དང་། རྒྱ་གར་རྐང་རྩེད་སྤོ་ལོའི་རུ་ཁག་ I League Player ནང་རྐང་རྩེད་སྤོ་ལོ་རྩེད་བཞིན་པའི་བོད་རིགས་གཞོན་སྐྱེས་དང་པོ་ཀོ་ལི་གྷལ་གཞིས་ཆགས་ནས་ཡིན་པའི་ཀརྨ་ཚེ་དབང་ལགས་བཅས་ཁོང་རྣམ་གཉིས་ལ་ལེགས་གསོལ་གཟེངས་རྟགས་གནང་བ་དང་བསྟུན། དངོས་གཞིའི་རྩེད་འགྲན་ནང་མོན་གྷོ་རུ་ཁག་དང་པོག་ར་རུ་ཁག་གཉིས་དབར་རྩེད་འགྲན་འགོ་བརྩམས་པ་དང་ཆབས་ཅིག་མོན་གྷོ་རུ་ཁག་གིས་སྤོ་ལོ་ ༢ དང་། པོག་ར་རུ་ཁག་གིས་སྤོ་ལོ་ ༡ བླུགས་ཏེ་ལོ་འདིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་གསེར་གྱི་རྟགས་མ་དེ་བཞིན་ལྷོ་ཕྱོགས་མོན་གྷོ་རུ་ཁག་གིས་རྒྱལ་ཁ་བླངས་ཡོད་པ་དང་། དེ་བཞིན་བལ་ཡུལ་པོག་ར་རུ་ཁག་གིས་རྩེད་འགྲན་པ་པདྨ་ལྷུན་གྲུབ་ལགས་ཀྱིས་ལོ་འདིའི་རྩེད་འགྲན་སྐབས་སྤོ་ལོ་ ༦ བླུགས་ཡོད་པར་བརྟེན་རུ་ཁག་ ༢༨ ཀྱི་རྩེད་འགྲན་པ་ཚང་མའི་ནང་ནས་སྤོ་ལོ་མང་ཤོས་བླུགས་མཁན་གྱི་བྱ་དགའ་དེ་ཁོང་གིས་བླངས་ཡོད་པ་དང་ཕྱོགས་མཚུངས། དགའ་སྤྲོའི་སྣང་བ་ཡིད་ལ་སིམས་ཤིང་ཐེངས་དེའི་མཛད་སྒོ་ཡུད་ཀྱིས་ལེགས་པར་མཇུག་སྒྲིལ། །