༢༠༡༥ ཟླ་ ༦ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༨ ཉིན་གྱི་སྔ་དྲོ་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་འཕྲོ་སྐྱོང་སྩལ་གྲུབ་རྗེས་ཉིན་གུང་ལྗགས་སྨིན་མཛད། དེ་རྗེས་ཉེ་འགྲམ་གྱི་གྲོང་ཁྱེར་ཀ་ཊུམ་བྷ་ཞེས་པའི་སློབ་གྲྭའི་ Katoomba Public School ནང་ཆིབས་སྒྱུར་བསྐྱངས། སྐབས་དེར་རི་སྔོན་པོ་ཞེས་པའི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ Mayor of the Blue Mountains སྐུ་ཞབས་མག་གི་རིན་ཧིལ་ Mark Greenhill མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་སྤྱི་ཁྱབ་པ་མཆོག་གིས་ཐོག་མར་ཚོགས་བཅར་བ་མང་ཚོགས་གྲངས་ ༣༦༠༠ བརྒལ་བར་ངོ་སྤྲོད་ཀྱི་གསུང་བཤད་གནང་བསྟུན། བོད་རིགས་སློབ་མ་ཁག་གཅིག་གིས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་གསུང་འདོན་གནང་ཡོད།
དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་རྣམ་པ། ངོས་རང་ཐེངས་འདིར་སླར་ཡང་ཨོ་སི་ཊོ་ལི་ཡར་བསླེབས་པ་རེད། འོན་ཀྱང་ས་གནས་འདི་ལྟ་བུར་བསླེབས་པ་ཐོག་མ་ཡིན། ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག ཏོག་ཙམ་གྲང་མོ་འདུག ས་གནས་ཧ་ཅང་ཁུ་སིམ་པོ་འདུག ངོས་རང་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་མི་གཅིག་ཆགས་ཡོད། ང་ཚོ་ཚང་མ་ལུས་སེམས་དང་རྣམ་རྟོག་གང་གི་ཆ་ནས་འགྲོ་བ་མིའི་འདུ་ཤེས་འཛིན་མཁན་གཅིག་པ་ཆགས་ཡོད། ང་ཚོ་ཚང་མས་བདེ་བ་འདོད་ཅིང་མ་ལས་སྐྱེས་ཙམ་ཉིད་ནས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དགོས་རྒྱུ་དེ་ང་ཚོའི་ཐོབ་ཐང་ཆགས་ཡོད། ཆུང་བྱིས་པའི་སྐབས་མས་བྱམས་བརྩེས་བསྐྱངས་ནས་འཚོ་བར་བརྟེན་ང་ཚོས་གཞན་ལ་བྱམས་བརྩེ་སྤེལ་ཐུབ། ཚན་རིག་པས་བརྟག་དཔྱད་བྱས་འབྲས་སུ་གཞིས་རྩའི་འགྲོ་བ་མིའི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད། དཔེར་ན་ཕྲུ་གུ་ཆུང་ཆུང་ཁག་གཅིག་ལ་པར་རིགས་ཁག་གཉིས་བསྟན་ནས་པར་གཅིག་ནང་གཞན་ཕན་གྱི་ལས་བྱས་པ་དང་།
གཞན་དེར་མི་ཞིག་གིས་གཞན་ལ་གནོད་འཚེ་བྱས་པའི་པར་རིགས་བསྟན་སྐབས་ཕྲུ་གུ་ཆུང་ཆུང་ཚོས་གཞན་ཕན་བྱེད་བཞིན་པའི་པར་རིགས་ལ་འདོད་མོས་ཆེ་བ་བྱས་ནས་པར་དེ་བདམས་པ་དེ་འདྲ་བྱུང་བ་ཚན་རིག་པས་བརྗོད་ཀྱི་ཡོད། གཞན་ཡང་དུས་རྟག་ཏུ་ཞེ་སྡང་དང་འཇིགས་སྣང་སོགས་ཀྱིས་གཞན་དབང་དུ་འགྱུར་ནས་བསྡད་པ་ཡིན་ན། ཆགས་སྡང་གི་བློ་མ་རུང་པ་དེ་དག་གིས་མིའི་ལུས་པོའི་ནང་ནད་སྔོན་འགོག་གི་ནུས་རྫས་ immune systems ཞེས་པ་དེ་ཉམས་རྒུད་དུ་ཕྱིན་ནས་ལུས་པོ་རང་བཞིན་གྱིས་ཉམས་རྒུད་འགྲོ་བ་དང་ནད་ཀྱི་ལམ་སེང་མནར་ཉེན་ཡོད་པ་ཤོད་ཀྱི་ཡོད། དེ་ལས་ལྡོག་སྟེ་གལ་ཏེ་གཞན་ལ་བྱམས་བརྩེ་སྤེལ་བ་ཡིན་ན་སྙིང་སྟོབས་འཕེལ་ཞིང་སེམས་ནང་ཞི་བདེ་ཡོང་བཞིན་ཡོད། དེར་བརྟེན་ལུས་ཡང་བདེ་ཐང་ཡོང་བཞིན་ཡོད། ང་ཚོ་ཚང་མའི་རྒྱུད་ལ་བྱམས་བརྩེའི་ས་བོན་ཡོད། འབྱུང་འགྱུར་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ཆེད་རེ་བ་རྒྱག་ས་ཉག་གཅིག་དེ་ང་ཚོའི་རྒྱུད་ལ་ཡོད་པའི་བྱམས་བརྩེའི་ས་བོན་དེར་རེ་བ་རྒྱག་དགོས་སྟབས། ང་ཚོས་བྱམས་བརྩེའི་ཉམས་ལེན་ལ་དོ་སྣང་མང་ཙམ་གནང་དགོས། ང་ཚོ་ཆུང་བྱིས་པའི་སྐབས་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་གི་ཉམས་མྱོང་ཤུགས་ཆེན་པོ་ཡོད་པ་དེ་དག་རིམ་བཞིན་ལོ་ཆེ་རུ་ཕྱིན་ནས་རང་ཁ་རང་གསོ་ཐུབ་པའི་མཚམས་ལ་བསླེབས་སྐབས་བྱམས་བརྩེའི་རིན་ཐང་གི་ཚོར་བ་དེ་ཡལ་འགྲོ་གི་ཡོད་པ་ལྟ་བུའི་གནས་སྟངས་ཤིག་ཡོང་བཞིན་ཡོད། དེ་ནི་ཧ་ཅང་བློ་ཕམ་པོ་ཞིག་རེད།
ང་ཚོའི་ཤེས་ཡོན་གྱི་ལམ་སྲོལ་ནང་ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་སྐབས་ཕྱི་དངོས་པོའི་འཛུགས་སྐྲུན་ཐོག་གཙོ་འདོན་བྱས་པ་ལས་མིའི་ཤེས་རྒྱུད་དང་འབྲེལ་བའི་ནང་གི་བཟང་པོའི་རིན་ཐང་དེ་དག་ལ་དེ་ཙམ་དོ་སྣང་སྤྲད་མེད། སྤྱིར་མི་ཚོས་ཆོས་ལ་དད་པ་བྱས་ནས་མིའི་བཟང་པོའི་རིན་ཐང་འཚོལ་ཐབས་བྱེད་བཞིན་ཡོད་ཀྱང་། འཛམ་གླིང་ནང་མི་འབོར་ཐེར་འབུམ་གཅིག་ལྷག་ཙམ་གྱིས་ཆོས་ལ་ཡིད་ཆེས་བྱེད་ཀྱི་མེད། དེར་བརྟེན་ཆོས་ཕྱོགས་ནས་བྱམས་བརྩེ་སྤེལ་དགོས་སྐོར་གསུངས་པ་དེར་རིན་ཐང་གང་ཡང་རྒྱག་གི་མེད། ཆོས་ཁས་ལེན་བྱེད་མཁན་གྱི་ནང་དུའང་མཐའ་གཅིག་ཏུ་ཁ་ཞེ་གཉིས་མེད་ཀྱིས་ལག་བསྟར་མི་བྱེད་མཁན་མང་པོ་ཞིག་ཡོད། དེར་བརྟེན་སྤྱིར་ཆོས་ཀྱིས་བཟོད་སྲན་དང་འཆམ་མཐུན། སེམས་ཀྱི་ཞི་བདེ་སོགས་སྐྲུན་དགོས་པ་ཞིག་ཡིན་ནའང་། དེང་སྐབས་ཆོས་དེ་རྙོག་གྲའི་འབྱུང་རྩ་ཞིག་ཆགས་སྲིད་པ་དེ་འདྲ་རེད། དེར་བརྟེན་ནང་གི་ཤེས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་བར་ཆོས་ལུགས་ལ་མ་བརྟེན་པའི་ཐོག་ནས་ཕྱིན་པ་ཡིན་ན་འོས་ཤིང་འཚམ་པ་ཡོད། ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ཅེས་ཨིན་སྐད་དུ་སེ་ཁུ་ལར་ཨི་ཐིག་སི་ secular ethics ཞེས་པའི་ཚིག་འདིར་ངོས་ཀྱི་གྲོགས་པོ་མང་པོས་བསུན་སྣང་བྱེད་བཞིན་ཡོད། འོན་ཀྱང་རྒྱ་གར་གྱི་རིག་གཞུང་ནང་ཆོས་ལུགས་རིས་མེད་བརྗོད་སྐབས་ཆོས་དང་མ་འབྲེལ་བའི་དོན་མིན། ཆོས་ལུགས་ཚང་མར་གུས་ཞབས་བྱེད་རྒྱུ་ཙམ་མ་ཟད། ཆོས་ལ་ཡིད་ཆེས་མི་བྱེད་མཁན་ཚོ་ལའང་གུས་ཞབས་བྱེད་དགོས་པའི་དོན་ཡིན། ནང་གི་རིན་ཐང་གིས་མ་འདེང་པ་ཡིན་ན་རྒྱུ་དངོས་ཧ་ཅང་ཕྱུག་པོ་དང་སྟོབས་ཤུགས་ཆེན་པོ་ཡོད་ནའང་ཁྱིམ་ཚང་དེའི་ནང་བདེ་སྐྱིད་ཡོང་རྒྱུ་མེད། དེ་ལས་ལྡོག་སྟེ་ཁྱིམ་ཚང་འབྱོར་བ་དང་དབང་ཤུགས་དེ་ཙམ་མེད་ཀྱང་ནང་མི་ཕན་ཚུན་དབར་བྱམས་བརྩེ་ཡོད་པ་ཡིན་ན། ཁྱིམ་ཚང་ནང་བདེ་ཞིང་སྐྱིད་པ་ཡོང་ངེས། དེར་བརྟེན་བདེ་སྐྱིད་ཀྱི་རྩ་བ་ནི་བྱམས་བརྩེ་ཡིན།
ང་ཚོ་མི་ལ་དུད་འགྲོ་གཞན་སུ་ལའང་མེད་པའི་ཁྱད་ཆོས་ཤིག་ཡོད་པ་ནི་འཛུམ་མདངས་ཀྱི་རྣམ་འགྱུར་འདོན་ཐུབ་པ་དེ་ཡིན། གཞན་ནི་མིའི་ཀླད་པ་དེ་ཡིན། དེར་བརྟེན་ང་ཚོས་ཀླད་པ་བེད་སྤྱོད་བྱས་ནས་འཕྲལ་ཕུགས་ཀྱི་དགེ་སྐྱོན་དབྱེ་འབྱེད་བྱེད་ཐུབ་དགོས། རང་གིས་རང་ལ་དྲི་བ་ཞིག་གཏོང་དང་། ཁོང་ཁྲོའི་ཕན་ཡོན་གང་རེད། ཕན་ཡོན་གང་ཡང་མེད། ཁོང་ཁྲོས་ནང་གི་ཞི་བདེ་དཀྲུགས་ནས་གྲོགས་ཉེ་ཕན་ཚུན་མི་མཐུན་པ་དང་། ཁྱིམ་ཚང་ནང་གི་བདེ་སྐྱིད་གཏོར་བཤིག་གཏོང་གི་ཡོད། དེ་ལས་ལྡོག་སྟེ་བྱམས་བརྩེའི་ཉམས་ལེན་གྱིས་ལུས་སེམས་གཉིས་ཀར་བདེ་སྐྱིད་ཡོང་ཐུབ། གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱས་པ་ཡིན་ན་ཕན་ཚུན་ཡིད་ཆེས་བསླེབས་ཐུབ། ཡིད་ཆེས་དེས་གཞན་གཉེན་དུ་གྱུར་ཐུབ། ང་ཚོ་མི་རྣམས་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་སྟབས་གྲོགས་པོ་དགོས་ངེས་ཡིན། དེང་སྐབས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་རེད། དཀའ་ངལ་སུ་གཅིག་ལའང་མི་འདོད་ཀྱང་ང་ཚོས་དཀའ་ངལ་བཟོ་བཞིན་ཡོད། དེ་ནི་ང་ཚོ་ཉོན་མོངས་པའི་རྣམ་རྟོག་གིས་གཞན་དབང་འོག་ཚུད་ནས་དཀའ་ངལ་དེ་དག་བཟོ་བཞིན་པར་བརྟེན་དཀའ་ངལ་སེལ་རྒྱུའི་ཐབས་ལམ་དང་ལས་འགན་དེ་ཡང་ང་ཚོའི་ཕྲག་པའི་སྟེང་དུ་ཡོད། དེང་སྐབས་འཛམ་གླིང་གི་གནས་སྟངས་འདི་གོ་ལ་གཅིག་གྱུར་གྱི་གནས་སྟངས་ཤིག་ཆགས་ཟིན། དེར་བརྟེན་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལྟ་བུར་མཚོན་ན། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་དག་ང་ཚོ་ཚང་མས་མྱོང་དགོས་པ་ལས་སུ་གཅིག་གིས་གཡོལ་ཐབས་མེད། གོ་ལའི་དཔལ་འབྱོར་བརྗོད་སྐབས་གོ་ལ་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་ང་ཚོ་ཚང་མ་གོ་ལ་གཅིག་གི་ཁྱིམ་མིར་ངོས་འཛིན་ཐོག་གོ་ལའི་དཔལ་འབྱོར་གྱི་ཡར་རྒྱས་ཐོག་བསམ་བློ་གཏོང་དགོས། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་གཞན་གྱི་བདེ་དོན་ལ་བསམ་བློ་གཏོང་རྒྱུའི་སློབ་གསོ་དང་གཞན་ལ་བྱམས་བརྩེའི་བསམས་པ་སྤེལ་རྒྱུ་གལ་ཆེ་ཡིན་སྐོར་སོགས་སློབ་ཁྲིད་བྱེད་དགོས་པ་གལ་ཆེ། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་མཛད།
དེ་རྗེས་མགོན་པོ་གང་ཉིད་མཆོག་སྡིངས་ཆ་ནས་ཆིབས་སྒྱུར་བསྐྱངས་སྐབས་མང་ཚོགས་རྣམས་ཀྱིས་༸གོང་ས་མཆོག་ཕྱི་ལུགས་ལྟར་འདི་ལོ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་རྟེན་འབྲེལ་མཚོན་ཆེད་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ཞེས་གླུ་དབྱངས་ཀྱི་མཆོད་སྤྲིན་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་མཛད་པ་དང་སྦྲགས་བྱམས་བརྩེའི་འཛུམ་མདངས་ཀྱི་གཟིད་འོད་རབ་ཏུ་འཕྲོ་བཞིན་མང་ཚོགས་རྣམས་ལ་ཕྱག་གཡུག་མཛད་ནས་ཆིབས་ཞལ་བསྒྱུར།།