ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་རྒྱ་རིགས་མཁས་དབང་དང་། རྩོམ་པ་པོ། མང་གཙོ་དོན་གཉེར་བ་བཅས་ཁྱོན་མི་གྲངས་༡༠༠ ཙམ་ལ་ཀེ་རི་ཊོན་མགྲོན་ཁང་ (Carrington Hotel) ནང་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ཁྱེད་རང་ཚོ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་རང་གང་དུ་བསྐྱོད་ཀྱང་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་བསམ་བཞིན་ཡོད། དེར་བརྟེན་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འདུ་ཤེས་དེས་ང་ཚོའི་དབར་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་དང་འཁོན་འཛིན་གྱི་བསམ་བློ་དེ་དག་ཤུགས་ཆུང་དུ་འགྲོ་གི་ཡོད། དཔེར་ན། དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་ཆོས་ལུགས་ཁ་ལ་འཁྱེར་ནས་གཅིག་གི་གཅིག་ལ་གསོད་རེས་བྱེད་བཞིན་ཡོད། འཛམ་གླིང་འདིའི་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཤ་སྟག་ཡིན། ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད། འོན་ཀྱང་ང་ཚོས་ཆེད་མངགས་དཀའ་ངལ་དེ་དག་བཟོ་བཞིན་ཡོད། གལ་ཏེ་ང་ཚོས་ཁྱེད་ཚོ་དང་ང་ཚོ། ཞེས་ལྟ་ཚུལ་འཛིན་པ་ཡིན་ན། དཀའ་ངལ་མུ་མཐུད་ནས་འཕྲད་ངེས་རེད། འཚེ་བས་དཀའ་ངལ་སེལ་མི་ཐུབ། དེར་བརྟེན་དཀའ་ངལ་སེལ་ཐབས་ཡག་ཤོས་ཕན་ཚུན་སྐད་ཆ་ཤོད་རྒྱུ་དེ་རེད། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པ་དང་ངོས་ལ་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་འགན་ཞིག་ཡོད། ཆོས་ལུགས་འདྲ་མིན་དབར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་གཞི་རྩའི་ཆོས་ལུགས་ཚང་མས་བྱམས་བརྩེ་དང་བཟོད་སྲན། སྡོམ་ཁྲིམས་སོགས་བཟང་པོའི་བསླབ་བྱ་སྤེལ་བཞིན་ཡོད། དེར་བརྟེན་ང་ཚོས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་དགོས། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་ནང་ཆོས་ཀྱིས་ཤུགས་རྐྱེན་འོག་བོད་མིའི་རིག་གཞུང་འདི་འཚེ་མེད་ཞི་བ་དང་བྱམས་བརྩེ་ལྡན་པའི་རིག་གཞུང་ཞིག་ཆགས་ཡོད། དེར་བརྟེན་བོད་ཀྱི་ཐུན་མིན་རིག་གཞུང་བདག་གཅེས་བྱ་རྒྱུ་འོས་ཤིང་འཚམ་པ་ཞིག་ཡིན། ཕྱོགས་མཚུངས་བོད་ཀྱི་རང་བྱུང་ཁོར་ཡུག་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཞིག་གིས་མཐོ་སྒང་བོད་ཀྱི་ས་ཆ་དེར་འཛམ་གླིང་གི་སྣེ་གསུམ་པ། ཞེས་འབོད་ཀྱི་ཡོད། གང་ཡིན་བརྗོད་ན། བོད་ཀྱི་ཁོར་ཡུག་ལ་གནོད་པའི་བྱ་སྤྱོད་གང་སྤེལ་བ་དེའི་རྗེས་འབྲས་དེ་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་དང་གཅིག་མཚུངས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་བོད་ནས་ཆུ་ཆེན་ཁག་རྒྱུག་བཞིན་ཡོད་སྟབས། ཆུ་ཆེན་དེ་དག་གིས་འཛམ་གླིང་མི་འབོར་ཐེར་འབུམ་གཅིག་ལྷག་གི་ཉིན་རེའི་འཚོ་བ་དང་འབྲེལ་བ་ཧ་ཅང་ཆགས་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
འདས་པའི་མི་ལོ་ ༣༠།༤༠ རིང་ངོས་ཀྱིས་བོད་རིགས་དང་རྒྱ་རིགས་དབར་མཐུན་ལམ་གོང་སྤེལ་གཏོང་ཐབས་བྱས་པ་ཡིན། སྤྱིར་ང་ཚོའི་དབར་འདས་པའི་མི་ལོ་ ༦༠ རིང་དཀའ་ངལ་བྱུང་ཡོད། འོན་ཀྱང་དཀའ་ངལ་དེས་མི་རིགས་གཉིས་དབར་མི་ལོ་ ༢༠༠༠ རིང་གི་མཐུན་འབྲེལ་ཡོད་པ་དེ་དག་ཉམས་རྒུད་གཏོང་མི་རུང། དེར་བརྟེན་དེ་རིང་ཁྱེད་ཚོས་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་གནང་བར་ངོས་ཀྱིས་གོ་སྒྲིག་གནང་མཁན་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ། སྐབས་དེར་རྒྱ་རིགས་འགའ་ཤས་ཀྱིས་གོ་སྐབས་བཟུང་ནས་༸གོང་ས་མཆོག་ལ་དགུང་གྲངས་ ༨༠ ཕེབས་པའི་དགའ་སྟོན་རྟེན་འབྲེལ་མཚོན་ཆེད་འཁྲུངས་སྐར་འཚམས་འདྲི་ཞུས་པ་དང་། འཚམས་འདྲི་དེ་ཡང་ཤོག་བྱང་ནང་སྙན་ངག་གི་བསྟོད་ཚིག་བྲིས་ནས་འབུལ་ལམ་ཞུས། དེ་རྗེས་རྒྱ་རིགས་གཅིག་གིས་དེང་སྐབས་སྦར་མའི་ཁ་ཆེ་གྲངས་ཉུང་མི་རིགས་ Rohingya རྣམས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། ངོས་ཀྱིས་དེ་སྔ་སྦར་མའི་ནང་པ་ཚོར། ཁྱེད་ཚོ་ཞེ་སྡང་དྲག་པོ་ལངས་སྐབས་སྟོན་པ་བཅོམ་ལྡན་འདས་ཀྱི་བཞིན་རས་ཡིད་ལ་དྲན་རོགས་གནང་། ཞེས་འབོད་སྐུལ་ཞུ་རྒྱུ་བྱུང་། སྟོན་པ་རང་ཉིད་ཞལ་བཞུགས་ཡོད་ན་ཁ་ཆེ་བ་དེ་དག་སྲུང་སྐྱོབ་གནང་རྒྱུ་རེད་མ་གཏོགས་འཚེ་བ་གནང་གི་མ་རེད། ཅེས་དེ་འདྲ་ཞུ་རྒྱུ་བྱུང་། ཞེས་བཀའ་ལན་སྩལ་བ་དང་སྦྲགས་མགོན་པོ་གང་ཉིད་མཆོག་གིས་སྦར་མའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨང་སང་སུ་ཀི་ Aung San Suu Kyi མཆོག་ལ་བར་འདུམ་གནང་དགོས་པའི་འབོད་སྐུལ་མཛད་སྐོར་བཀའ་ལན་མཛད།
དེ་རྗེས་དེང་སྐབས་རྒྱ་ནག་ཏུ་ནང་པ་མང་དུ་འགྲོ་བཞིན་པའི་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། རྒྱ་ནག་ནང་དུ་མཚོན་ན། དེང་སྐབས་རྒྱ་རིགས་ནང་པ་ས་ཡ་ ༣༠༠ ལྷག་ཡོད་སྐོར་སྙན་ཐོའི་ནང་བཀོད་ཡོད། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་པཱ་ལགས་དང་། དེ་བཞིན་ཁོང་གི་ཨ་མ་ལགས་ནང་པ་ཡིན་སྐོར་སོགས་ཐུགས་དྲན་གསོ་མཛད་ནས་དེང་སྐབས་སྲིད་འཛིན་རང་ཉིད་རྒྱ་ནག་ཏུ་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བཞིན་པའི་སྐབས་ཡིན་སྐོར་བཀའ་ལན་མཛད། གཞན་ཡང་སྐབས་དེར་༸གོང་ས་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༥༤ ནས་རྒྱ་ནག་རི་བོ་རྩེར་ལྔར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་འདོད་ཡོད་སྐོར་བཀའ་སློབ་སྩལ་ཡོད་པ་དང་། ཕྱོགས་མཚུངས་༸གོང་ས་མཆོག་གིས་སྐབས་དེར་མུ་མཐུད་ནས་བཀའ་ལན་སྩལ་སྐབས་དེ་སྔ་ལོ་གཉིས་གོང་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྒྱ་རིགས་མཁས་དབང་ཞིག་དང་ཐུག་འཕྲད་སྐབས་རྒྱ་ནག་གི་ལོ་ངོ་ ༥༠༠༠ ཡི་ལོ་རྒྱུས་ཁྲོད་བཟང་སྤྱོད་ཉམས་རྒུད་ཆེ་ཤོས་ཀྱི་དུས་སྐབས་འདི་ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་ཆགས་ཡོད་སྟབས། རྒྱ་ནག་ནང་དུ་བཟང་སྤྱོད་སླར་གསོ་ཡོང་རྒྱུའི་རེ་བ་ཉག་གཅིག་ནི། ནང་ཆོས་ཡིན་སྐོར་༸གོང་ས་མཆོག་ལ་སྙན་སེང་ཞུས་པ་ཐུགས་དྲན་གསོ་མཛད་པ་དང་། དེ་བཞིན་སྐབས་དེར་༸གོང་ས་མཆོག་གིས་རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་དང་འབྲེལ་རྒྱ་ནག་གཞུང་གི་རྣམ་འགྱུར་ངེས་བརྟན་མེད་པའི་སྐོར་དང་ཉེ་ལམ་བཏོན་པའི་རྒྱབ་ཤ་དཀར་པོའི་ནང་རྒྱ་ནག་གཞུང་གིས་སྲིད་བྱུས་མུ་མཐུད་མཁྲེགས་འཛིན་བྱ་རྒྱུའི་རྣམ་འགྱུར་བསྟན་ཡོད་སྐོར་བཀའ་ལན་མཛད།
དེ་རྗེས་རྒྱ་རིགས་ཤིག་གིས་བཟང་སྤྱོད་ཀྱི་དཀའ་ངལ་དེ་དག་ཇི་ལྟར་སེལ་ཐུབ་མིན་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། དུས་རབས་ ༢༡ སྐབས་འདིར་ས་ཆའི་བདག་པོ་དེ་རྒྱལ་ཁབ་དེ་དང་དེའི་ཡུལ་མི་ཚོ་རེད། འགོ་ཁྲིད་ཚོ་མ་རེད། རྒྱ་རིགས་མི་འབོར་ཐེར་འབུམ་གཅིག་ལྷག་ཡོད་པ་དེ་དག་ལ་དངོས་ཡོད་གནས་ཚུལ་གང་ཡིན་ཤེས་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། བཟང་ངན་འབྱེད་རྒྱུའི་རྣམ་དཔྱོད་ཀྱང་ལྡན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་གསར་འགྱུར་སོགས་ལ་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་པ་དེ་བཟང་སྤྱོད་དང་ཡོངས་སུ་འགལ་ཡོད། དམ་བསྒྲགས་དེ་དག་མཚམས་འཇོགས་བྱེད་དགོས། ཕྱི་ལོ་ ༡༩༥༤།༥༥ སྐབས་རྒྱ་ནག་ནང་གུང་ཁྲན་རིང་ལུགས་ཡོད་པ་དེ་དག་ལྷག་བསམ་རྣམ་དག་གིས་དམངས་ཀྱི་བདེ་སྡུག་ལ་ལྟ་གི་ཡོད། དེ་ནས་རིམ་བཞིན་རྒྱ་ནག་ནང་དབུལ་ཕྱུག་གི་བར་ཁྱད་ཧ་ཅང་ཆེན་པོ་ཆགས་ནས་གུང་ཁྲན་ཏང་གི་ཚོགས་མི་འགའ་ཤས་ཧ་ཅང་ཕྱུག་པོ་ཆགས་ཡོད། ཅེས་བཀའ་ལན་སྩལ་བ་དང་སྦྲགས། རྒྱ་ནག་གི་ཁྲིམས་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་ཚད་དང་མཉམ་པ་ཞིག་བཟོ་ཐུབ་དགོས་སྐོར་ཐོག་བཀའ་སློབ་སྩལ་དོན། ངོས་རང་རྒྱ་རིགས་སློབ་ཕྲུག་གཅིག་དང་ཐུག་བྱུང་། སྐབས་དེར་ཁོང་གིས་རྒྱ་ནག་ནང་དུ་མི་མང་ཚོས་རང་གི་གང་བསམ་པ་དེ་དག་ཕྱིར་འདོན་རྒྱུར་ཧ་ཅང་དཀའ་ལས་ཁག་པོ་ཡིན་སྐོར་བརྗོད་བྱུང་བར་ངོས་ཀྱིས་ཁོང་ལ། སེམས་ཤུགས་མ་ཆག སོ་སོའི་ངོས་ནས་དྲང་པོ་དྲང་བཞག་ཐོག་ནས་འབད་བརྩོན་གང་ཡོད་བྱེད་དགོས་པ་བརྗོད་པ་ཡིན། ཞེས་བཀའ་ལན་སྩལ།།