༢༠༡༥ ཟླ་ ༦ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༨ ཉིན་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་བོད་ཁང་གིས་གོ་སྒྲིག་གནང་བའི་ཟླ་བ་གཅིག་རིང་ཚོགས་པའི་བོད་ཀྱི་དུས་སྟོན་དེ་མཇུག་སྒྲིལ་གནང་འདུག དེ་ཡང་ཕྱི་ཟླ་ ༤ ཚེས་ ༢༧ ནས་འགོ་འཛུགས་གནང་བའི་བོད་ཀྱི་དུས་སྟོན་འདི་བཞིན་ཉི་ཧོང་མང་ཚོགས་དོན་གཉེར་ཅན་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སྐོར་གོ་རྟོགས་སྤེལ་ཆེད་ཡིན་འདུག བོད་ཀྱི་དུས་སྟོན་འདིའི་ཐོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བཀྲ་ཤིས་ལྷུན་པོ་དགོན་པ་ནས་དགེ་འདུན་པ་ ༡༡ གདན་ཞུས་གནང་འདུག དུས་སྟོན་འདི་བཞིན་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ Tokyo དང་། ས་པོ་རོ Sapporo ། ན་ག་ནོ Nagano ། སེན་ཌ་ཡི Sendai ། ཀོ་ཅི་ Kouchi བཅས་ས་གནས་ཁག་ལྔའི་ནང་ཚོགས་ཡོད་པ་དང་། གོང་འཁོད་ས་ཁུལ་དེ་དག་གི་ནང་བོད་ཀྱི་དུས་སྟོན་ཚོགས་སྐབས་ས་པོ་རོའི་ཤི་ནི་ཇི་དགོན་པ་Shineiji Temple (Sapporo) དང་། ཀི་ཅི་ཇོ་ཇི་དགོན་པ། Kichijoji Temple (Tokyo), སེན་ཌ་ཡི་བོད་དོན་རྒྱབ་སྐྱོར་ཚོགས་པ། Tibet Support Group Sendai (Sendai Prefecture), ས་ཡི་ཧོ་ཇི་དགོན་པ་ Saihoji Temple (Nagano Prefecture), ཇོ་ཕོ་ཀོ་ཇི་དགོན་པ།Joufukuji temple (Kouchi Prefecture) བཅས་ཀྱིས་མཐུན་འགྱུར་གནང་ཡོད།
ཐེངས་འདིའི་དུས་སྟོན་སྐབས་དཀྱིལ་འཁོར་བཞེངས་སྟངས་དང་ངོ་སྤྲོད། གར་འཆམ་འཁྲབ་སྟོན། སྦྱིན་སྲེག ནང་ཆོས་ངོ་སྤྲོད། སྒོམ་སྒྲུབ་ཉམས་ལེན་སོགས་ཀྱི་སྐོར་ངོ་སྤྲོད་གནང་འདུག དེ་བཞིན་བོད་མིའི་ལག་ཤེས་བཟོ་རིགས་དང་། ༸གོང་ས་མཆོག་དང་བོད་སྐོར་གྱི་དཔེ་དེབ། བོད་ཀྱི་མཚོན་རྟགས་ཡོད་པའི་སྟོད་ཐུང་། ཕྱུ་པ། བོད་ཀྱི་གནའ་བོའི་ལག་ཤེས་ལས་གྲུབ་པའི་དངོས་ཟོག་ཁག་འགྲེམས་ཚོང་གནང་འདུག སྐབས་དེར་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། མཁན་པོ་དང་དགེ་འདུན་པ་རྣམས་ལ་སོ་སོའི་སྒེར་གྱི་ཚོར་སྣང་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག མང་ཚོགས་ཁག་གཅིག་གིས་མ་འོངས་པར་དུས་སྟོན་འདི་རིགས་གང་མང་གོ་སྒྲིག་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག ཕྱོགས་མཚུངས་དུས་སྟོན་ཐོག་ཕེབས་པའི་མང་ཚོགས་རྣམས་ལ་པཎ་ཆེན་སྐུ་ཕྲེང་ ༡༡ པ་ཆེན་པོ་མཆོག་གི་སྐོར་ངོ་སྤྲོད་གནང་བ་དང་སྦྲགས་ད་ལྟའི་བོད་ནང་གི་བཀྲ་ཤིས་ལྷུན་པོ་དགོན་པའི་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག དེ་བཞིན་གྲོང་ཁྱེར་ན་ག་ནོར་ཡོད་པའི་ཛེན་ཀོ་ཇི་དགོན་པར་པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་གནང་འདུག་པ་བཅས།།