༢༠༡༦ ཟླ་ ༦ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་་མཆོག་སིངྒ་པུར་བརྒྱུད་ནས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན། རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་མཆོག་དང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས། ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག གཞན་ཡང་བོད་མི་ ༢༠༠ ལྷག་གིས་གྲོ་སོ་ཕྱེ་མར་དང་ཆང་ཕུད་སོགས་འདེགས་འབུལ་ཞུས་ནས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་གསར་འགྱུར་བརྙན་འཕྲིན་ཚན་པའི་ ‘The Project’ ཞེས་པའི་བརྙན་འཕྲིན་ལས་རིམ་གྱི་གསར་འགོད་པ་སྐུ་ཞབས་ཝ་ལི་དི་ཨ་ལེ་ Waleed Aly ལགས་ཀྱི་དྲི་བར་བཀའ་ལན་སྩལ། སྐབས་དེར་ཐོག་མར་ཁོང་གིས་༸གོང་ས་མཆོག་འདི་ལོར་དགུང་གྲངས་༨༠ བཞེས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། འཁྲུངས་སྐར་ཉིན་མཛད་འཕྲིན་གང་བསྐྱངས་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཟླ་སྔོན་མར་ངོས་རང་རྡ་སྟེང་བོད་ཁྱིམ་དུ་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་དང་ལྷན་ཐུགས་སྤྲོ་བཏང་བ་ཡིན། སྐབས་དེར་ཁོང་ཚོས་མངར་ཟས་སྒྲིག་གཤོམས་བྱས་ནས་མངར་ཟས་སྟེང་འབར་བཞིན་པའི་ཡང་ལཱ་རྣམས་ཕུ་བརྒྱབ་ནས་གསོད་སྟངས་དེ་ཆོས་དཔོན་ཊུ་ཊུ་མཆོག་གིས་ངོས་ལ་བསླབས་གནང་བྱུང་།
སྤྱིར་ནང་པ་སངས་རྒྱས་པ་ཚོས་རང་ཉིད་སྐྱེ་བའི་ཉིན་མོ་དེར་སྐྱེས་སྐར་ཡིན། ཞེས་དེ་ཙམ་གལ་ཆེན་པོ་ཞིག་ལ་བརྩི་སྲོལ་མེད། དེ་བས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་རྒྱུ་གལ་ཆེ་བར་བརྩི་བཞིན་ཡོད། ཅེས་བཀའ་ལན་སྩལ། དེ་རྗེས་གསར་འགོད་པ་དེས་༸གོང་ས་མཆོག་ཐར་པའི་གོ་འཕང་ཐོབ་ཟིན་ཡོད་སྐོར་ཞུས་པར་བཀའ་ལན་སྩལ་དོན། དེ་འདྲ་མ་རེད། བྱང་སེམས་ཀྱི་ས་གོང་མ་ཐོབ་པ་རྣམས་ལ་ལས་ཉོན་གྱི་དབང་གིས་འཁོར་བའི་སྡུག་བསྔལ་མྱོང་མི་དགོས། ངོས་རང་གནས་ཚད་དེར་བསླེབས་མེད། གང་ཡིན་བརྗོད་ན་ངོས་རང་མཚམས་རེ་ཁོང་ཁྲོ་སྐྱེ་བཞིན་འདུག ཅེས་བཀའ་ལན་སྩལ། དེ་རྗེས་གསར་འགོད་པ་དེས་དེང་སྐབས་ཀྱི་འཛམ་གླིང་གནས་སྟངས་འདིའི་ཐོག་ཆོས་ཀྱི་ཕན་ཐོགས་ཇི་ཡོད་ཀྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཆོས་འདི་རང་གི་བློ་སྦྱང་ནས་སེམས་ནང་ཞི་བདེ་བག་ཕེབས་བསྐྲུན་རྒྱུའི་ལག་ཆ་ལྟ་བུ་ཞིག་ཡིན། ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་བཟོད་པ། སྙིང་རྗེའི་ཉམས་ལེན་སྐོར་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད། འགའ་རས་ཁོང་ཁྲོ་དང་ཞེ་སྡང་གི་བློ་དེ་དག་བཟང་པོའི་ཕྱོགས་སུ་བརྩི་བཞིན་པ་དེ་དག་ནོར་བ་རེད། ཞེ་སྡང་དང་ཁོང་ཁྲོ་ནི་མིའི་ཞན་ཆ་ཞིག་ཡིན། ནང་གི་ནུས་སྟོབས་ངོ་མ་དེ་སེམས་ནང་ཞི་བདེ་བག་ཕེབས་ཡོད་པ་དེ་ཡིན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོར་ལྟ་གྲུབ་དེས་སེམས་ནང་ཞི་བདེ་ཡོང་རྒྱུར་ཕན་ཐོགས་ཡོད། དེང་སྐབས་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ཐེར་འབུམ་གཅིག་ཙམ་གྱིས་ཆོས་ཁས་ལེན་གྱི་མེད། དེར་བརྟེན་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། མི་སེམས་པ་བཟང་པོ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་ལན་སྩལ། ༸གོང་ས་མཆོག་བྷུ་ལུ་མོན་ཊེན་ Blue Mountains ཁུལ་དུ་༸ཞབས་སོར་འཁོད་མཚམས་བོད་མི་གྲངས་ ༡༥༠ ལྷག་གིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས། ཕྱི་ཚེས་ ༥ ཉིན་༸གོང་ས་མཆོག་གིས་དཔལ་གསང་བ་འདུས་པའི་བཀའ་ཆོས་དང་འཇིགས་བྱེད་ཀྱི་བཀའ་དབང་སྩལ་རྒྱུ་ཡིན་འདུག