༢༠༡༥ ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་མཆོག་དང་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་གཉིས་ཀྱིས་སྡེ་ར་ལྡུན་གྲོང་ཁྱེར་དུ་ཕེབས་ནས་མངའ་སྡེའི་རྩེད་མོའི་བློན་ཆེན་སྐུ་ཞབས་དི་ནེཤ་ཨ་གར་ཝཱལ་ Shri Dinesh Agarwal མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།
དེ་ཡང་སྐུ་ཞབས་ཨ་གར་ཝཱལ་མཆོག་ནི་ཉེ་ལམ་ཨུཏྟར་ཁཎྜ་མངའ་སྡེའི་གཞུང་གིས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ Tibetan Rehabilitation Policy གཏན་འབེབས་གནང་ཡོད་པར་བརྟེན། སྲིད་བྱུས་དེ་དངོས་སུ་ལག་བསྟར་གནང་སྐབས་འབྲེལ་ཡོད་འགན་འཛིན་དུ་བསྐོ་གཞག་གནང་ཡོད་འདུག མཇལ་འཕྲད་སྐབས་ནང་སྲིད་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཨུཏྟར་ཁཎྜ་ Uttarakhand མངའ་སྡེའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། སྲིད་བྱུས་ལམ་སྟོན་དེ་ལྟ་བུ་ཞིག་གཏན་འབེབས་གནང་ཐུབ་པར་བརྟེན་འབྱུང་འགྱུར་མངའ་གཞུང་གིས་བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་སྟབས་བོད་མིའི་སྒྲིག་འཛུགས་ངོས་ནས་འཕྱར་གྲུ་མཉམ་འདེགས་ཇི་འདྲ་ཞིག་ཞུ་དགོས་རུང་གྲ་སྒྲིག་ཡོད་སྐོར་ཞུས། སྐབས་དེར་སྡེ་ར་ལྡུན་དང་ཧར་པ་པུར་གྱི་ས་གནས་འགོ་འཛིན་སོགས་ལྷན་བཅར་ཞུས་ཡོད།
དེ་རྗེས་ནང་སྲིད་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་ཨུཏྟར་ཁཎྜ་མངའ་སྡེའི་གཞུང་གི་ནང་སྲིད་དྲུང་ཆེ་སྐུ་ཞབས་ཝི་ནོད་ཤརྨཱ་ Mr. Vinod Sharma ལགས་དང་མཇལ་འཕྲད་ཞུས་ནས་མངའ་སྡེའི་ནང་བཙན་བྱོལ་བོད་མི་ཁྱིམ་ཚང་གྲངས་ ༢༦༦ སྡོད་ཁང་གསར་རྒྱག་གི་ལས་གཞིའི་སྐོར་སྙན་སེང་ཞུས་པ་དང་སྦྲགས། ལས་གཞི་མུ་མཐུད་ནས་ལམ་ལྷོང་ལྡན་པ་ཞིག་ཡོང་རྒྱུར་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག གཞན་ཡང་ནང་སྲིད་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་རའི་པུར་གཞིས་ཆགས་ཀྱི་ཉེ་འཁྲིས་སུ་ཉེ་ལམ་གསར་འཛུགས་གནང་བའི་ཚེ་རིང་དོན་ལྡན་གཞིས་ཆགས་སུ་རྟོགས་ཞིབ་གནང་ནས་ས་གནས་བོད་མི་རྣམས་དང་ཐུག་འཕྲད་གནང་འདུག་པ་མ་ཟད། ཕྱེད་ཡོལ་དུ་མངའ་སྡེའི་དཔལ་འབྱོར་ལས་ཁུངས་ཀྱི་རྫོང་དཔོན་ལས་འཕར་མཆོག་དང་ཐུག་འཕྲད་ཀྱིས་ཚེ་རིང་དོན་ལྡན་གཞིས་ཆགས་ཀྱི་ས་ཆའི་བདག་དབང་གི་མཚན་བྱང་དེ་དབུས་བོད་མིའི་ངལ་སེལ་ཚོགས་པར་ Central Tibetan Relief Committee བརྗེ་བསྒྱུར་ཐད་བཀའ་མོལ་གནང་འདུག སྤྱིར་ས་ཆ་དེ་ལྕམ་སུང་འཛིན་ཨེ་ཧི་སེ་ Mrs. Sungzin A. Hisey ལགས་ཀྱིས་ཞལ་འདེབས་སུ་གནང་བ་ཞིག་ཡིན་འདུག
དེ་རྗེས་ནང་སྲིད་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་སྡོད་ཁང་ཐོབ་མཁན་བོད་མི་ཁྱིམ་ཚང་གྲངས་ ༡༡༦ ཡོད་པ་རྣམས་དང་ཐུག་འཕྲད་གནང་ནས་སྡོད་ཁང་གསར་རྒྱག་གི་ལས་གཞིའི་གནས་སྟངས་སྐོར་གསལ་བཤད་གནང་ཡོད།