༢༠༡༥ ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་སི་ཊོ་ལི་ཡ་ཁུལ་དུ་ཉིན་གྲངས་བཅུ་ལྷག་རིང་མཛད་འཕྲིན་བསྐྱང་ཆེད་བཞུགས་སྒར་ཕོ་བྲང་ནས་ཆིབས་ཞལ་སྒྱུར་སྐབས་རྡ་ས་ཁུལ་གནས་སྡོད་དད་ལྡན་སེར་སྐྱ་མི་དམངས་རྣམ་པས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས། མེ་ཏོག་སོགས་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་ཨོ་སི་ཊོ་ལི་ཡའི་ནང་ཕྱི་ཟླ་ ༦ ཚེས་ ༥ ནས་ ༩ བར་ཉིན་གྲངས་ལྔའི་རིང་ཨོ་སི་ཊོ་ལི་ཡའི་ལེའུ་ར་བྱུ་ལུ་མོན་ཊེན་ Leura,Blue Mountain,New South Wales དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་དང་། ཕྱི་ཚེས་ ༨ ཉིན་ཨོ་སི་ཊོ་ལི་ཡའི་ལེའུ་ར་ Leura རུ་བཟོད་པའི་ཉམས་ལེན་སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་ཨོ་སི་ཊོ་ལི་ཡའི་བྷི་རི་སི་སྦེན་ Brisbane དུ་ཆོས་ལུགས་འདྲ་མིན་ལྷན་ཚོགས་ Multi faith event ཞེས་པར་ལྷན་ཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་ཨོ་སི་ཊོ་ལི་ཡའི་བྷི་རི་སི་སྦེན་ཚོགས་ཁང་ཆེན་མོའི་ནང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོར་བྷི་རི་སི་སྦེན་ Riverstage ཞེས་པར་སྙིང་རྗེའི་ཉམས་ལེན་སྐོར་ Wisdom of Compassion བཀའ་སློབ་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོར་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་པར་ཐི་ (Perth) རུ་གཏོང་ལེན་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས། །