༢༠༡༥ ཟླ་ ༥ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༩ སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་བོད་ཁྱིམ་སྤྱི་ཡོངས་ཀྱི་དགེ་རྒན་དང་སློབ་ཟུར་དེ་བཞིན་སློབ་ཕྲུག་ཁག་ལྔ་བཅུ་ཙམ་གྱིས་རིག་གཞུང་གི་ཆས་གོས་སྤྲས་ཏེ་དད་གདུང་ཆེན་པོས་གསོལ་འདེབས་དབྱངས་སུ་གྱེར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས། མགོན་པོ་གང་ཉིད་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། ཆུ་ཚོད་ཕྱེད་ཀའི་རིང་རྒྱུན་ཆག་གསུམ་པ་དང་གསོལ་འདེབས་སྨོན་ལམ། དེ་བཞིན་མ་ཎི་གང་མང་གསོག་བསྒྲུབ་མཛད་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྔོན་འགྲོའི་སྒྲུབ་བཞག་བཀའ་དྲིན་བསྐྱངས་པ་དང་། དེ་ནས་རྒྱན་དྲུག་མཆོག་གཉིས་དང་དེའི་བསྟོད་པ་མཁའ་མཉམ་མའི་སྐོར་དང་། ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྗགས་རྩོམ་མཛད་དགོས་དོན།
སྐུ་ཐང་འབྲི་སྲོལ་གསར་གཏོད་མཛད་སྐོར། ལྷག་པར་ལེགས་སྦྱར་དང་པཱ་ལིའི་ཆོས་རྒྱུད། ས་དགེ་བཀའ་རྙིང་གི་ཆོས་ལུགས་ཁུངས་གཏུགས་ས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་སྐོར་སོགས་ཀྱི་ཐོག་བཀའ་སློབ་གཟབ་རྒྱས་སྩལ། དེ་ནས་དད་ལྡན་མང་ཚོགས་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་དང་། འཕགས་པ་འཇིགས་རྟེན་དབང་ཕྱུག་གི་བཀའ་དབང་། དེ་བཞིན་སེམས་བསྐྱེད་བཅས་སྩལ་གནང་མཛད་པ་དང་། བོད་ཁྱིམ་སྤྱི་མགྲིན་དགེ་རྒན་དང་སློབ་ཟུར། དེ་བཞིན་ད་ཡོད་སློབ་ཕྲུག་ཐུན་མོང་གིས་གདུངས་ཤུགས་དྲག་པོས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
སྐབས་དེར་༸གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩལ་དོན། དེ་རིང་ནང་ཆོས་ངོ་སྤྲོད་ཀྱི་དུས་ཚོད་དེ་སློབ་གྲྭ་ཁག་དབྱར་ཁའི་གུང་གསེང་འཁེལ་ཡོད་སྟབས། དབྱར་ཆོས་ལྟ་བུ་ཞིག་ཆགས་ཡོད། འདི་ལོའི་ནང་ཆོས་ངོ་སྤྲོད་དེ་བཞིན་དེ་རིང་ནས་གྲུབ་པ་རེད། གྲ་སྒྲིག་བྱེད་མཁན་ཁྱེད་རང་ཚོས་གྲ་སྒྲིག་འཐུས་སྒོ་ཆ་ཚང་བ་ཞིག་གནང་འདུག དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གཉུག་མར་གནས་པའི་སློབ་ཕྲུག་ཚོ་དང་། གློ་བུར་དུ་ལྷགས་པའི་ཕྱོགས་མཐའ་ཁག་ནས་ཡོང་པའི་སློབ་ཕྲུག་ཚོ་བཅས་དེ་རིང་འདིར་ཉིན་གསུམ་རིང་ཁྱེད་རང་ཚོས་དོན་གཉེར་ཆེན་པོས་འདུ་འཛོམས་གནང་ཡོད། དེའི་རིང་ཆོས་ཀྱི་ལེགས་སྐྱེས་སམ། བློ་གྲོས་འབྱེད་པ་གང་ལྟར་ཁྱེད་རང་ཚོར་གང་ལ་གང་ཙམ་གྱི་ཕན་ཐོགས་བྱུང་ཡོད། ཁྱེད་རང་ཚོ་འདིར་དོན་གཉེར་ཆེན་པོས་ཡོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་གཞི་ང་ཚོ་མི་སུ་ཡིན་རུང་ལོ་རེ་བཞིན་རྒས་འགྲོ་གི་ཡོད། གཞོན་པ་ཁྱེད་རང་ཚོ་འཚར་ལོངས་ཡོང་གི་ཡོད། རང་དོན་གཞན་དོན། སྤྱི་བྱེ་བྲག་གི་གཞན་དོན་རྒྱ་ཆེན་པོ་ཞིག་བསྒྲུབ་རྒྱུའི་གོ་སྐབས་ཡོད་རེད་ལ། ཆ་རྐྱེན་ཡང་ཡོད། གཙོ་བོ་སྙིང་སྟོབས་དང་སྤོབས་པ་བསྐྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། སྤོབས་པ་དང་ང་རྒྱལ་ཐ་དད་རེད། ང་རྒྱལ་ཟེར་ན་རྒྱུ་མཚན་ཡང་དག་ཡིན་མིན་ལ་མ་བལྟོས་པའི་ང་ཆེན་པོ་ཡིན། སྙམ་པའི་གནས་སྟངས་དེ་འདྲ་ཡོང་གི་ཡོད། དབུ་མ་རིན་ཆེན་ཕྲེང་བའི་ནང་། བླུན་པོ་མཁས་པའི་ང་རྒྱལ་ཅན། །ཞེས་གཞི་དེ་ང་རྒྱལ་ཡིན་པ་གང་ཞིག་མཁས་པ་ཡིན་པར་རློམ་པའི་བསམ་པ་ཡོད་པ་ཞིག་ལ་ཟེར་གྱི་ཡོད། བསམ་པ་དེས་ཕུང་རྒྱུ་རེད་མ་གཏོགས་གཞན་གང་ཡང་ཡོང་རྒྱུ་མེད། སྤོབས་པ་ཟེར་བ་དེ་རྒྱུ་མཚན་ལྡན་པ། གང་ལྟར་དངོས་གནས་རང་གཞན་གྱི་དོན་རྒྱ་ཆེན་པོ་ཞིག་བསྒྲུབ་ཐུབ་རྒྱུར་དམིགས་ཡུལ་ལ་བཞག་ནས་སོ་སོར་གོ་སྐབས་དེ་འདྲ་ཞིག་ཡོད་བསམ་པའི་ཐོག་ནས་ཚེ་རབས་ནས་ཚེ་རབས་ཐོག་ལ་བསམ་པ་ཡིན་ན་ད་ལྟ་མི་ལུས་ཐོབ་པ་དང་། ཆོས་ལྡན་གྱི་ཞིང་ལ་སྐྱེས། ཕྱི་ནང་གི་མཐུན་རྐྱེན་འཛོམས་པ། རང་དབང་ཡོད་པ། གོ་སྐབས་དེ་འདྲ་ཞིག་ཡོད་པ་དེར་ད་ལན་མ་བྱས་ན་ནམ་བྱས། བསམ་པའི་སྙིང་སྟོབས་བསྐྱེད་ནས་ང་རང་ཚོ་ཕྱོགས་གཅིག་ནས་མི།
ཕྱོགས་གཞན་ཞིག་ནས་བོད་གངས་ཅན་གྱི་ལྗོངས་ནས་སྐྱེས་པའི་གངས་ཅན་པའི་མི། སོ་སོའི་ལུས་པོ་གངས་ཅན་ལྗོངས་སུ་སྐྱེས་མེད་ནའང་། ཕ་མ་ནས་མཆེད་པའི་གངས་ཅན་པའི་རིགས་རྒྱུད་ཆགས་ཡོད། ང་རང་ཚོའི་ལོ་རྒྱུས་ཐོག་ཕྱིར་བལྟས་ཤིག་བྱས་ན། དངོས་གནས་དྲང་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནང་ལ་ཞབས་འདེགས་ཤུགས་ཆེ་ཤོས་སྒྲུབ་མཁན་དེ་བོད་གངས་ཅན་པ་ཚོ་ཆགས་ཡོད། ས་སྐྱ་པཎྜི་ཏ། ཀློང་ཆེན་རབ་འབྱམས་པ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་བཅས་དེ་གསུམ་ལ་འཇམ་དབྱངས་རྣམ་གསུམ་ཞེས་འབོད་ཀྱི་ཡོད། དེ་དང་དེའི་མཚོན་པའི་གངས་ཅན་རྩམ་ཟན་གྱི་ནང་ལ་དངོས་གནས་མཁས་པའི་སྐྱེས་བུ་བསམ་གྱི་མི་ཁྱབ་པ་མང་པོ་བྱུང་མྱོང་ཡོད། བཀའ་འགྱུར་དང་། དེའི་དགོངས་འགྲེལ་དེ་དག་ཧ་ལས་པའི་འགྲེལ་བ་ཡག་པོ་བསྐྱོན་གནང་མཛད་འདུག བོད་གངས་ཅན་པའི་ལོ་སྟོང་ཕྲག་རིང་གི་བསམ་བློའི་རྣམ་དཔྱོད་ཡོད་པ་དེ་དག་ཡོངས་རྫོགས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དཔལ་ནཱ་ལེནྡྲའི་ནང་ལ་སྒྲིལ་བའི་བཟོ་ལྟ་བུ་ཆགས་ཡོད། དངོས་གནས་ང་ཚོ་གངས་ཅན་པའི་ཀླད་པ་དེ་མི་འདྲ་བ་ཞིག་ཡོད་པའི་བཟོ་འདྲ་པོ་ཞིག་ཡོད། ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བསླེབས་ཡོད། ང་ཚོ་བོད་གངས་ཅན་པར་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ཀྱང་། ང་ཚོའི་བོད་མི་རིགས་ཀྱི་སེམས་ཤུགས་དང་ལྷག་བསམ། དེ་བཞིན་སྙིང་སྟོབས་དེ་དག་འཇམ་རྩུབ་གང་བྱས་ཀྱང་བརླག་མི་ཉན་པ་ཞིག་ཡིན་པ་ཕལ་ཆེར་རེད་འདུག དེ་ཚོ་ང་ཚོ་བོད་མི་རིགས་ཀྱི་སྙིང་སྟོབས་སྐྱེ་གཞི་ཞིག་ཆགས་ཡོད། ང་ཚོའི་སྐད་ཡིག་ལྟ་བུར་ཆ་མཚོན་ན་ཧ་ཅང་གི་རླབས་ཆེན་པོ་རེད། སྐད་ཡིག་དེའི་ནང་ཡོད་པའི་ལྟ་གྲུབ་ཀྱི་རྣམ་གཞག་དེ་ཚོ་ཁ་སང་ཁ་ཉིན་མང་པོ་བཤད་ཟིན་པ་རེད། དེ་འདྲ་ཡིན་དུས་ང་ཚོར་རིག་གཞུང་དང་སྐད་ཡིག་ཕྱུག་པོ་ཡོད་པ།
ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཐོག་དངོས་གནས་དྲང་གནས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱས་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཕུལ་དུ་བྱུང་བ་ཞིག་ཆགས་ཡོད། ང་ཚོའི་མེས་པོ་ཚོ་དེ་འདྲ་ཆགས་ཡོད། དེར་བརྟེན་སློབ་ཕྲུག་ཁྱེད་རང་ཚོ་ང་བོད་པ་ཡིན། བསམ་པའི་སྤོབས་པ་བསྐྱེད་དགོས་པ་རེད། གང་ཡང་བྱུང་མ་སོང་བསམས་ནས་སྡོད་རྒྱུ་མེད། དེ་འདྲ་བྱས་ནས་འདུག་ན་ཕན་ཐོགས་གང་ཡང་མེད། དང་པོ་སེམས་པ་ཞུམ་ནས་བསྡད་པས་མི་ཕན། སྤོབས་པ་བསྐྱེད་དགོས་པ་རེད། སངས་རྒྱས་ཀྱི་ས་ཞེས་པ་ཐག་རིང་པོ་ཞིག་མཐོང་གི་ཡོད་རུང་། སེམས་པ་ཞུམ་ནས་མ་འདུག་པར་སེམས་བསྐྱེད་ཟེར་དུས་སྤོབས་པ་ཧ་ཅང་ཆེན་པོ་ཞིག་ཡིན། སེམས་ཅན་ཐམས་ཅད་ཀྱི་བདེ་དོན་རང་གིས་འཁུར་བླངས་ཀྱི་ཡོད་པ་རེད། གྲུབ་མ་གྲུབ་གནས་ཚུལ་ཐ་དད་རེད་དེ། སེམས་ཤུགས་ཧ་ཅང་ཆེན་པོ་བསྐྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་ཁྱེད་རང་ཚོས་སེམས་ཤུགས་བསྐྱེད་ནས་སྤོབས་པ་བསྐྱེད་དགོས་རེད། སྐབས་བབ་དེང་དུས་ཀྱི་ཤེས་ཡོན་ཧ་ཅང་གི་གལ་ཆེན་པོ་རེད།
ཐོག་མར་བཙན་བྱོལ་ནང་ང་ཚོས་སློབ་གྲྭ་བཙུགས་པ་ནས་འདབ་གཤོག་གཉིས་ལྡན། ཞེས་དེང་དུས་ཀྱི་ཤེས་ཡོན་ཡོད་པ། དེང་དུས་ཀྱི་ཤེས་ཡོན་གཅིག་པུས་མིའི་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་མིན་ཐེ་ཚོམ་རེད། གང་ལ་ཟེར་ན་དེང་དུས་ཤེས་ཡོན་དེ་དངོས་པོ་ཡར་རྒྱས་ཁོ་ན་ལ་དམིགས་པ་ཞིག་རེད། དངོས་པོ་ཡར་རྒྱས་གཅིག་པུས་མིའི་ལུས་ཀྱི་བདེ་སྐྱིད་ལ་མཐུན་རྐྱེན་བསྒྲུབ་ཐུབ་ཀྱང་། སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་ཀྱི་མེད། དེ་འདྲ་ཡིན་དུས་ནང་པ་སངས་རྒྱས་པའི་སེམས་ཁམས་རིག་པ། དེ་བཞིན་ལྟ་གྲུབ། དེ་བཞིན་གཞན་ཕན་ལྷག་བསམ་བཅས་ཀྱི་བསླབ་བྱའི་ཐོག་ནས་ནང་སེམས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ཆ་རྐྱེན་ཞིག་ཡོད་སྟབས། གནའ་རབས་ནས་ཡོད་པའི་གཙོ་བོ་ནང་དོན་རིག་པ་དང་མཚན་ཉིད་རིག་པ་ཟུང་དུ་འབྲེལ་བའི་དེང་དུས་ཤེས་ཡོན་ཡོད་མཁན་ཞིག་དགོས་པ་རེད། ང་ཚོ་བོད་པས་བྱེད་ཐུབ་ཀྱི་རེད། ཏན་ཏན་ཡོང་ཐུབ་ཀྱི་རེད། ཚང་མས་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱོས། བཀྲིས་བདེ་ལེགས། ཞེས་སོགས་ཀྱི་བཀའ་སློབ་སྩལ། ཐེངས་འདིར་སློབ་ཕྲུག་གིས་གཙོས་ཆོས་ཞུ་བ་དད་ལྡན་མི་གྲངས་ལྔ་སྟོང་ཙམ་འདུ་འཛོམས་གནང་ཡོད། །