༢༠༡༥ ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༨ ཉིན་བཏང་གནས་ནང་འཁོད་དོན།
བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༨ རེས་གཟའ་ཟླ་བའི་ཉིན་སྦིེར་སྡེ་དགེ་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་བདམས་ཐོན་ཚོགས་མི་ ༡༧ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ། ཚོགས་གཞོན་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་གནང་སྒོ་ཁག་ལེགས་གྲུབ་བྱུང་ཡོད་པ་དང་བསྟུན།
ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༤།༠༠ ནས་ ༥།༠༠ བར་སཾ་བྷོ་ཊ་སློབ་གྲྭ་རུ་སྦིར་བོད་ཚོགས་དང་སྦིར་སྡེ་དགེ་གཉིས་ཀྱི་ས་གནས་འགོ་འཛིན་དང། སྦིར་སྡེ་དགེ་ས་འཐུས་ཚོགས་གཙོ། མི་མང་ ༥༥ ཙམ་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ། དེ་བཞིན་ཕྱི་ཚེས་ ༢༠ སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ ༡༡།༠༠ སྦིར་ཅོན་ཏ་ར་ནང་ཆེན་གཞིས་ཆགས་སུ་སྡེ་དགེ་ས་འཐུས་ཚོགས་གཙོ་དང། སྡེ་དགེ་དང་བོད་ཚོགས། ནང་ཆེན་གསུམ་གྱི་ས་གནས་འགོ་འཛིན་གཙོས་མང་ཚོགས་ ༥༥ ཙམ་དང་། ཉིན་རྒྱབ་ཆུ་ཚོད་ ༡།༠༠ ནས་ ༢།༠༠ བཀྲི་ཤིས་ལྗོངས་སུ་མང་ཚོགས་ ༢༦ བཅས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ངོ་སྤྲོད་དང་སྦྲགས། ཁྲིམས་ལུགས་དབང་འཛིན་གྱི་ངོ་བོ་དང། འགན་དབང་། གྲུབ་ཆ། ཁྲིམས་ཁོངས་ཁྱབ་ཚད། གྱོད་ཡའི་མོས་མཐུན་ཆོད་ཡིག ལག་བསྟར་དམ་ཡིག གཞི་རྩའི་ཆ་རྐྱེན། བྱེད་ཐབས་ཇི་ཡོད། གྱོད་ཡ་ཉམས་ཐག་ལ་མཐུན་རྐྱེན། ཞུ་རྩ་དང་ཞུ་ལན་བཟོ་ཕྱོགས། ཁྲིམས་རྩོད་པའི་སྦྱོང་བརྡར་དང་བསྐྱར་སྦྱོང་བཅས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང། དྲི་བ་ཁག་ལ་ལན་འདེབས་གནང་ཡོད།།