༢༠༡༠ ཕྱི་ཟླ་ ༤ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༣༠ ཉིན་བལ་ཡུལ་ཀན་ཏི་པུར་གྱི་གསར་འགྱུར་ནང་གནས་ཚུལ་ཐོན་གསལ་ལྟར་ན། བལ་ཡུལ་ནང་ (Nepal) རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་ (Office of the High Commissioner for Human Rights) དེ་བཞིན་བལ་ཡུལ་ནང་གནས་སྡོད་བྱེད་རྒྱུའི་ཆོག་མཆན་གྱི་དུས་ཚོད་དེ་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༩ ཉིན་རྫོགས་མཚམས་བལ་ཡུལ་གཞུང་གིས་རེས་གཟའ་མིག་དམར་ཉིན་འབྲེལ་ཡོད་ལས་ཁུངས་དེ་བལ་ཡུལ་ནང་གནས་སྡོད་ཆོག་པའི་ཆོག་མཆན་གྱི་དུས་ཚོད་སླར་ཡང་སྤྲོད་རྒྱུ་མིན་པའི་རྣམ་པ་བསྟན་ཡོད། དེ་ཡང་བལ་པོའི་སྲིད་བློན་སྐུ་ཞབས་མ་ཌབ་ཀུ་མར་ནེ་པལ་མཆོག་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ། དེ་བཞིན་ཨ་རིའི་སྐུ་ཚབ་བཅས་ལྷན་ཚོགས་སྐབས་སྲིད་བློན་མ་ཌབ་ཀུ་མར་ནེ་པལ་ (Madhav Kumar Nepal) མཆོག་ནས་བལ་ཡུལ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་དེ་བཞིན་བལ་ཡུལ་ནང་གནས་སྡོད་བྱེད་རྒྱུའི་ཆོག་མཆན་གྱི་དུས་ཚོད་རྫོགས་མཚམས་འཕར་འགྱངས་གནང་རྒྱུ་མིན་སྐོར་གྱི་ཉེན་བརྡ་བཏང་ཡོད། དེ་ཡང་བལ་ཡུལ་སྲིད་བློན་གྱི་ཕྱི་འབྲེལ་ལས་དོན་གྱི་སློབ་སྟོན་པས་སྲིད་བློན་མཆོག་གིས་བརྗོད་པ་ཞིག་གསལ་བཤད་གནང་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་དེ་ང་ཚོས་བལ་ཡུལ་དུ་སྣེ་ལེན་ཞུས་པར་བརྟེན་འདིར་གནས་ཡོད། ངས་བལ་ཡུལ་གཞུང་དང་མི་མང་གི་ཚབ་ཞུས་ནས་ལས་ཁུངས་དེས་རང་འཁྲིས་ལས་འགན་གང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། ལྷན་ཚོགས་དེའི་སྐབས་བལ་ཡུལ་སྲིད་བློན་མཆོག་གིས་བལ་ཡུལ་རང་གི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (National Human Rights Commission) ཟེར་བའི་ཚོགས་པ་དེའི་དབང་ཚད་ཆེ་རུ་བཏང་བའི་ཐོག་བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་བྱེད་རྒྱུ་ཡིན་སྐོར་ཕྱི་གླིང་སྐུ་ཚབ་ཚོར་གསུངས་ཡོད། དེ་བཞིན་བལ་ཡུལ་སྲིད་བློན་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་དེ་བལ་ཡུལ་ནས་ཕྱིར་མ་ཐོན་གོང་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལྟ་བུའི་ཚོགས་པ་ཁག་གི་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐབས་ལམ་ཇི་ཡོད་ཀྱི་ཆར་གཞི་སློབ་སྟོན་གནང་དགོས་པའི་རེ་འདུན་བཏོན་ཡོད། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་དང་ཨ་རིའི་སྐུ་ཚབ་བཅས་ཀྱིས་རེས་གཟའ་མིག་དམར་ཉིན་བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་བོ་ཡོད་པ་དང་། བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (NHRC) དེ་ནུས་ཤུགས་དེ་ཙམ་མེད་པས་བལ་པོའི་སྲིད་བློན་མཆོག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་དེ་བལ་ཡུལ་ནང་ད་དུང་གནས་སྡོད་ཆོག་པའི་ཆོག་མཆན་གྱི་དུས་ཚོད་འཕར་འགྱངས་ལོ་གཉིས་རིང་ཡོང་བར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་དེ་བལ་ཡུལ་ནང་ཐོག་མར་ཕྱི་ལོ་ ༢༠༠༥ ལོར་ལོ་གཉིས་རིང་གནས་སྡོད་བྱ་རྒྱུའི་ཆོག་མཆན་ཞུས་ཡོད། དེ་རྗེས་གནས་སྡོད་ཀྱི་དུས་ཡུན་རྫོགས་མཚམས་སླར་ཡང་ཕྱི་ལོ་ ༢༠༠༧ ལོར་ལོ་གཉིས་འཕར་འགྱངས་ཐོག་གནས་སྡོད་ཀྱི་ཆོག་མཆན་ཐོབ་ཡོད། དེ་ནས་ཕྱི་ལོ་ ༢༠༠༩ ཟླ་ ༥ ནང་ཆོག་མཆན་ཟླ་བ་གསུམ་འཕར་འགྱངས་ཞུས། མཐར་ཕྱི་ལོ་ ༢༠༠༩ ཟླ་ ༩ ནང་ཟླ་བ་དགུ་འཕར་འགྱངས་ཀྱི་གནས་སྡོད་ཆོག་མཆན་ཐོབ་ཡོོད།འོན་ཀྱང་དེ་སྔོན་སུ་སི་གྲོང་ཁྱེར་ཇི་ནི་འི་ (Geneva) ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཚོགས་ཐེངས་ ༡༣ སྐབས་བལ་ཡུལ་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་ལྕམ་སྐུ་སུ་ཇ་ཏཱ་ཀོའི་ར་ལ་ (Sujata Koirala) མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་དེ་བཞིན་བལ་ཡུལ་ནང་གནས་སྡོད་བྱེད་རྒྱུའི་ཆོག་མཆན་གྱི་དུས་ཚོད་རྫོགས་མཚམས་འཕར་འགྱངས་ལོ་གཅིག་གནང་རྒྱུར་གྲ་སྒྲིག་ཡོད་སྐོར་གསུངས་ཡོད།