༢༠༡༥ ཟླ་ ༥ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༩ བོད་ཟླ་ ༤ ཚེས་ ༡ ནས་བཟུང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱའི་ཞབས་བརྟན་དང་། བསྟན་སྲིད་བདེ་ཐབས་ཀྱི་ཆེད་མ་ཎི་དུང་སྒྲུབ་ཐེབས་རྩའི་སྐྱེད་འབབ་ཐོག་སུད་སིར་གནས་སྡོད་དད་ལྡན་ཙ་རི་ཁང་གསར་བསོད་ནམས་རྒྱལ་པོའི་ཁྱིམ་ཚང་དང་། རྡ་སར་གནས་སྡོད་ཀོང་པོ་ཟླ་བ་བཟང་པོ་འདས་པོའི་བུ་ཕྲུག་ཐུན་མོང་། སུད་སིར་གནས་སྡོད་ཙ་རི་ལུང་རྟོགས་ཉི་མ་རྒྱལ་མཚན་དང་མ་གཡུ་མཚོའི་ཁྱིམ་ཚང་། སུད་སིར་གནས་སྡོད་ཙ་རི་མཁར་རྟགས་སྒྲོལ་མ་ལྷ་མོ་དང་འཆི་མེད་ཚེ་རིང་བཅས་ནས་རྒྱུ་ཡོན་སྦྱར་ཏེ་ཉིན་བདུན་རིང་མ་ཎི་དུང་སྒྲུབ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མ་ཎི་རིལ་སྒྲུབ་བཅས་དབུ་འཛུགས་གནང་ཡོད།
དེ་ཡང་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་གསུང་དོན། གང་ལྟར་མ་ཎི་དུང་སྒྲུབ་ལོ་ལྟར་སྒྲུབ་ཀྱི་ཡོད། མ་ཎི་རིལ་བུ་ནི་རྩ་ཆེན་པོ་ཡིན་པ་ཡོངས་གྲགས་ཆགས་ཡོད། དེར་བརྟེན་མ་ཎི་རིལ་བུ་དེ་ཐེངས་དང་པོ་བཟོས་རྗེས་དེའི་ནང་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་རྒྱ་ཆེན་པོ་ཞིག་བླུགས་ཡོད། ད་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དམིགས་བསལ་ཆིབས་སྒྱུར་བསྐྱངས་པ་ནི། དེ་རིང་ས་ག་ཟླ་བ་ཞེས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་རླབས་པོ་ཆེ་ཞིག་མཛད་པའི་དུས་ཆེན་ཞིག་ཡིན་པ་དང་། ནམ་རྒྱུན་ཟླ་བ་འདིར་འབུམ་འགྱུར་ཟླ་བ་ཞེས་བརྗོད་ཀྱི་ཡོད།
ང་ཚོས་ཟླ་བ་དེའི་ནང་ཆོས་ཕྱོགས་ཀྱི་བྱ་བ་གང་བྱས་པ་ཡིན་ན་ཕན་འགྱུར་ཧ་ཅང་ཆེན་པོ་ཡོད་པ་ལོ་རྒྱུས་ཀྱི་ཐོག་ནས་གསུང་སྲོལ་ཡོད། དེར་བརྟེན་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདིར་ཆིབས་སྒྱུར་བསྐྱངས་པ་ཙམ་དུ་མ་ཟད་ཐུགས་སྨོན་སྐྱབས་འཇུག་རླབས་པོ་ཆེ་ཞིག་མཛད་ཡོད། ཐུགས་སྨོན་སྐྱབས་འཇུག་མཛད་པ་དེས་མ་ཎི་རིལ་བུ་དེ་ཉིད་བྱིན་རླབས་ཧ་ཅང་ཆེན་པོ་དང་ནུས་པ་ཆེན་པོ་ཞིག་ཆགས་ཡོད། དེས་མ་ཟད་དེ་རིང་༸གོང་ས་མཆོག་གི་གཟིམ་ཆུང་ནང་བཞུགས་པའི་སྐྱིད་རོང་ཇོ་བོ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཡོད། སྐྱིད་རོང་ཇོ་བོ་ཞེས་པ་དེ་སྤྱན་རས་གཟིགས་གསུང་འབྱོན་མ་ཞེས་ཤིན་ཏུ་རྩ་ཆེན་པོ་ཆགས་ཡོད། དེ་རིང་སྤྱན་རས་གཟིགས་ཀྱི་ཆོ་ག་ཐོག་ནས་མ་ཎི་རིལ་བུ་གསོག་སྒྲུབ་བྱེད་བཞིན་ཡོད། ཁ་སང་ནས་བརྩིས་པའི་ཉིན་བདུན་རིང་སྒྲུབ་གནང་གི་ཡོད། སྤྱིར་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དམིགས་བསལ་གྱི་མཛད་འཕྲིན་ཆེན་པོ་ཡོད་ནའང་དེ་རིང་འདིར་ཆིབས་སྒྱུར་བསྐྱངས་གནང་མཛད་དེ་ཐུགས་སྨོན་དང་བྱིན་རླབས་མཛད་པས་བསྐལ་བ་བཟང་པོ་བྱུང་སོང་ཞེས་ཞུ་རྒྱུ་ཡིན་ཞེས་དང་། ཡང་ས་ག་ཟླ་བའི་དུས་ཆེན་དེ་ཉིད་ཁྱད་པར་ཅན་ཞིག་ཡིན་པའི་སྐོར་རིན་པོ་ཆེས་གསུང་དོན། སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སྐུ་མྱ་ངན་ལས་འདས་པ། མངོན་པར་རྫོགས་པ་སངས་རྒྱས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཤིག་ཏུ་འཁེལ་བར་བརྟེན་ས་ག་ཟླ་བའི་དུས་ཆེན་དེ་ཉིད་ཁྱད་པར་ཅན་ཞིག་ཆགས་ཡོད། ཅེས་གསུངས།།