༢༠༡༥ ཟླ་ ༥ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནང་ཝེ་ཏི་ནམ་གྱི་ཚོང་དོན་སྒྲིག་འཛུགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཁྱོན་མི་གྲངས་ ༡༡༢ རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག དེ་ཁོངས་ནས་སྐྱེས་པ་བརྒྱ་ཆ་ ༤༠ དང་བུད་མེད་ཀྱི་བརྒྱ་ཆ་ ༦༠ ཡིན་འདུག་པ་དང་། ཁོང་རྣམས་ནས་ཕལ་ཆེ་བ་རྡ་སར་ཐེངས་ཕེབས་དང་པོ་ཡིན་འདུག
དེ་ཡང་ཐོག་མར་ཝེ་ཏི་ནམ་ཚོང་དོན་སྒྲིག་འཛུགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ རྣམས་ཀྱིས་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་བཞད་པའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཆེད་དང་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དབྱིན་བསྒྱུར་ཅན་དང་ཝེ་ཏི་ནམ་གྱི་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་གླེག་བམ་གཉིས་མི་དྲུག་ ༦༠༠ རྒྱས་ལག་བྲིས་བྱས་ཏེ་གླེག་བམ་གཉིས་བཟོས་ཡོད་པ་འབུལ་ལམ་ཞུས་ཡོད།
སྐབས་དེར་༸གོང་ས་མཆོག་གིས་སྤྱོད་འཇུག་དངོས་མ་ནི་སེམས་ལ་འབྲི་དགོས་ཞེས་བཀའ་ སློབ་སྩལ་དོན། ངོས་ལ་ཕྱི་ལོ་ ༡༩༦༧ ལོར་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་གི་དྲུང་ནས་སྤྱོད་འཇུག་བཀའ་ཁྲིད་ཐོབ་ཡོད་པ་དང་། དེ་ནས་བཟུང་ནམ་རྒྱུན་སྤྱོད་འཇུག་གི་དགོངས་དོན་ལ་བསམ་བློ་བཏང་བ་ལ་བརྟེན་ནས་སེམས་ཀྱི་འགྱུར་བ་ལ་ཕན་ཐོགས་ཆེན་པོ་བྱུང་། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་ངོས་ལ་སྤྱོད་འཇུག་ཁྲིད་རྒྱུན་གང་མང་སྤེལ་དགོས་སྐོར་བཀའ་གནང་བ་ལྟར་ངོས་ནས་ཀྱང་སྤྱོད་འཇུག་ཚར་མང་པོ་ཁྲིད་མྱོང་ཡོད། སྤྱོད་འཇུག་གཞུང་འདིས་རང་གཅེས་འཛིན་གྱི་བློ་ཆུང་དུ་གཏོང་རྒྱུ་དང་། ཆོས་རྣམས་བདེན་གྲུབ་ཏུ་འཛིན་པའི་བློ་ལ་བརྟེན་ནས་ཆགས་སྡང་ཡོང་བཞིན་ཡོད་སྟབས་ཆོས་རྣམས་ཀྱི་གནས་ལུགས་རྟོགས་པ་ཡིན་ན། ཆགས་སྡང་གི་བློ་དེ་རང་བཞིན་གྱི་ཆུང་དུ་འགྲོ་རྒྱུ་རེད། ང་ཚོ་ཚང་མར་ཆགས་སྡང་གི་བློ་ཡོད། མི་འདོད་པའི་སྡུག་བསྔལ་བཟོ་མཁན་དེ་ཆགས་སྡང་གི་བློ་ཡིན་སྟབས། སྤྱོད་འཇུག་གིས་ཆགས་སྡང་གི་བློ་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད། ང་ཚོས་བདེ་བ་དེ་སྒོ་ལྔའི་དབང་ཤེས་ལ་བརྟེན་པའི་ཚོར་བ་ཙམ་ལ་གོ་བཞིན་ཡོད། དཔེར་ན་མིག་ལ་གཟུགས་ཡིད་དུ་འོང་བ་དང་རྣ་བར་སྒྲ་སྙན་པོ་སོགས་ལས་ཡིད་བློར་དེ་ཙམ་དོ་སྣང་སྤྲོད་ཀྱི་མེད།
དེ་རིང་སྔ་དྲོ་བྷི་བྷི་སི་གསར་འགྱུར་ཐོག་མ་དེ་བྱང་ཨ་ཕི་རི་ཀ་ནས་གྲུ་གཟིངས་ཐེབས་ཆག་དེ་འདྲའི་ནང་ཡུ་རོབ་ཏུ་སྐྱབས་བཅོལ་དུ་ཡོང་སྐབས་མི་མང་པོ་མཚོའི་དཀྱིལ་དུ་གྲུ་གཟིངས་འབྱིངས་བའམ་བཀྲེས་སྐོམ་སོགས་ཀྱི་གནས་སྟངས་འོག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཤོད་ཀྱི་འདུག དེ་ཚོ་མིས་བཟོས་པའི་རྙོག་གྲ་ཞིག་ཡིན། རྙོག་གྲ་མང་དག་ཅིག་ང་ཚོ་དང་ཁྱེད་ཚོ། ཞེས་མི་ཕན་ཚུན་དབར་དབྱེ་འབྱེད་ཀྱི་བསམ་བློ་དེ་ནས་བྱུང་བ་ཞིག་ཡིན་པ་མ་ཟད། ང་ཚོས་རང་ཕྱོགས་ལ་ཆགས་ནས་ཁེ་འཚོལ་ཐབས་བྱེད་བཞིན་ཡོད། སྤྱོད་འཇུག་ནང་རང་ཕྱོགས་ལ་ཆགས་ཞེན་གྱི་བློ་དེ་དག་ལ་གཉེན་པོ་ཇི་ལྟར་བསྟེན་དགོས་པའི་ལམ་སྟོན་གནང་གི་ཡོད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས།
དེ་རྗེས་མཇལ་བཅར་བ་ཞིག་གིས་ཚོང་ལས་གཉེར་སྐབས་ཆགས་སྡང་གི་བློ་ཡོང་བཞིན་ཡོད་སྟབས་དེ་དག་ལ་གཉེན་པོ་ཇི་ལྟར་སྟོན་དགོས་མིན་གྱི་དྲི་བ་ཞུས་སྐབས་བཀའ་ལན་སྩལ་དོན། ཚོང་ལས་གཉེར་སྐབས་རང་ཉིད་འབའ་ཞིག་གི་ཁེ་ཕན་ཆེད་དུ་མིན་པར་སྤྱི་ཚོགས་རྒྱ་ཆེ་སར་ཕན་པ་བསྒྲུབ་ཐབས་བྱེད་དགོས། དེ་ཡང་གཞན་མགོ་སྐོར་བསླུ་ཁྲིད་སོགས་མིན་པར་ཚུལ་དང་མཐུན་པ་བྱེད་དགོས་སྐོར་བཀའ་ལན་སྩལ་དོན། ཉོན་མོངས་པའི་བློ་དེ་དག་ཐོག་མར་ངོས་འཛིན་དགོས། དེའི་ཐོག་ནས་དེ་དག་ལ་གཉེན་པོ་སྟོན་སྟངས་ཤེས་དགོས། ཚོང་པ་ཙམ་མ་ཟད། མཚམས་ཁང་ནང་སྡོད་མཁན་རི་ཁྲོད་སྒོམ་ཆེན་ཚོ་ལའང་ཆགས་སྡང་བློ་སྐྱེས་ཀྱི་ཡོད། དེར་བརྟེན་ཐོག་མར་ཆགས་སྡང་ཉོན་མོངས་ཀྱི་བློ་དེ་དག་ངོས་འཛིན་དགོས།ཞེས་བཀའ་ལན་སྩལ།
མཇལ་བཅར་བ་གཅིག་གིས་བློ་སྦྱོང་བར་མིག་གིས་བློ་ཇི་ལྟར་རིག་ཐུབ་སྐོར་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཐོག་མར་བློ་སྦྱོང་སྐབས་དམིགས་པ་ཡུལ་གཅིག་ལ་བལྟས་ནས་ཡུལ་དེ་ཡིད་ལ་བསྒོམ་དགོས། མིག་བཙུམ་སྐབས་ཡུལ་དེའི་དོན་སྤྱི་ཞིག་བློར་འཆར་རྒྱུ་རེད། དོན་སྤྱིའི་རྣམ་པ་དེ་ཡུན་བསྲིང་ནས་སྡོད་རྒྱུར་སྦྱོང་དགོས། ཕྱིས་སུ་དམིགས་པ་དེ་ནང་གི་ཡིད་བློའི་སྟེང་འཇོག་ཐབས་བྱེད་དགོས། སྤྱོད་འཇུག་ལེའུ་དྲུག་པའི་ནང་བཟོད་པའི་སྐོར་གསུང་བཞིན་ཡོད། ང་ཚོས་ཉོན་མོངས་ལ་སྐྱོན་དུ་མ་ལྟ་བར་དེར་ཡིད་རྟོན་བྱེད་བཞིན་ཡོད། ལེའུ་དྲུག་པ་དེར་ཡག་པོ་བྱས་ནས་གཟིགས་པ་ཡིན་ན་ཉོན་མོངས་ཀྱི་ཉེས་དམིགས་རྣམས་མཐོང་ཐུབ་རྒྱུ་མ་ཟད། ཉོན་མོངས་པའི་བློ་དེ་དག་ལ་གཉེན་པོ་ཇི་ལྟར་བསྟོན་དགོས་པ་ཤེས་ཐུབ། ལེའུ་བརྒྱད་པའི་ནང་འདོད་ཆགས་དང་རང་གཅེས་འཛིན་གྱི་བློའི་ཉེས་དམིགས་ཙམ་མ་ཟད། གཞན་གཅེས་འཛིན་གྱི་བློའི་ཕན་ཡོན་སོགས་གསུང་ཡོད། ང་ཚོས་ཆོས་ཁས་ལེན་རུང་མ་ལེན་རུང་སྡུག་བསྔལ་གྱི་རྒྱུ་ངོས་འཛིན་རྒྱུ་གལ་ཆེན་པོ་རེད། སྡུག་སྔལ་གྱི་རྒྱུ་ནི་ཉོན་མོངས་པའི་བློ་ཡིན། དེ་དག་ལ་གཉེན་པོ་བསྟེན་དགོས་པ་མ་ཟད། བདེ་བའི་རྒྱུ་དཔེར་ན། བྱམས་པ་དང་བརྩེ་བ་སོགས་ངོས་འཛིན་ནས་བདེ་བའི་རྒྱུ་དེ་དག་གོང་ནས་གོང་དུ་འཕེལ་ཐབས་བྱེད་དགོས། ཕྱི་དངོས་པོའི་འཛུགས་སྐྲུན་ཐོག་ཡར་རྒྱས་དགོས་གལ་ཆེ་ཡང་དེ་མཚུངས་ནང་གི་བསམ་བློའི་རིན་ཐང་ཐོག་ལའང་ཡར་རྒྱས་གཏོང་དགོས་པ་གལ་ཆེ། ང་ཚོ་ཚང་མར་དཀའ་ངལ་ཡོད། དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ཐབས་ལམ་འཚོལ་དགོས། ཞེས་བཀའ་ལན་སྩལ་རྗེས་སླར་ཡང་རང་ཤི་རྒྱག་རྒྱུའི་སྐོར་ལ་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་དུ་དེ་སྔ་ཕྱི་ལོ་ ༡༩༥༨།༡༩༥༩ ལོར་རྒྱ་མིས་བོད་པའི་དགེ་འདུན་པ་ཞིག་འཛིན་བཟུང་བྱས་ནས་འཐབ་འཛིང་བཏང་བ་རེད། ཕྱིས་སུ་དགེ་འདུན་པ་དེ་བཙོན་ཁང་གཞན་ཞིག་ཏུ་སྤོས་རྗེས་ཁོང་གིས་འཕོ་བ་བསྒོམས་ནས་རང་ཤི་བརྒྱབ་འདུག དེར་བརྟེན་རང་ཤི་རྒྱག་མཁན་ཚོའི་གནས་སྟངས་ལ་བལྟ་དགོས་པ་གལ་ཆེ། བྱུང་ན་རང་ལ་གནོད་པ་བྱེད་མཁན་གྱི་གང་ཟག་ལ་ཁོང་ཁྲོ་མ་བྱས་པར་ཁོ་པའི་བྱ་སྤྱོད་ནོར་བ་དེར་སྐྱོན་བརྗོད་བྱེད་དགོས། ཞེས་བཀའ་ལན་སྩལ། དེ་རྗེས་མཇལ་བཅར་བ་རྣམས་ཀྱིས་སྟོང་ཉིད་སྐོར་བཀའ་སློབ་སྩལ་རྒྱུའི་གསོལ་འདེབས་ཞུས་པར་༸གོང་ས་མཆོག་གིས་ཆོས་རྣམས་བདེན་པར་སྣང་བ་ལྟར་གྲུབ་མེད། ཅེས་སོགས་ཀྱི་བཀའ་ལན་སྩལ།
༸གོང་ས་མཆོག་གིས་མུ་མཐུད་ནས་བཀའ་སློབ་སྩལ་སྐབས་སྤྱོད་འཇུག་ལེའུ་དྲུག་པ་བཟོད་པའི་ལེའུར་ཁོང་ཁྲོ་ལ་གཉེན་པོ་བསྟེན་སྟངས་དང་། ལེའུ་བརྒྱད་པ་ཡིས་འདོད་ཆགས་ཀྱི་གཉན་པོ་བསྟེན་སྟངས་དང་། རང་གཅེས་འཛིན་གྱི་སྐྱོན། གཞན་གཅེས་འཛིན་གྱི་ཡོན་ཏན་རྒྱས་པར་བསྟན་པའི་སྒོ་ནས་གཞན་ཕན་བྱང་ཆུབ་སེམས་སྦྱོང་ཚུལ་རྒྱས་པར་བསྟན་ཡོད་པ་དང་། ལེའུ་དགུ་བས་ང་རང་ཚོ་ཕུང་ལ་སྦྱོར་མཁན་གྱི་བདེན་འཛིན་མ་རིག་པའི་གཉེན་པོ་ཤེས་རབ་སྐྱེ་ཞིང་སྒོམ་པའི་ཚུལ་རྒྱས་པར་བསྟན་ཡོད་པ་སོགས་ངོ་སྤྲོད་གནང་བ་དང་། དེ་རྗེས་སེམས་ལ་དམིགས་པའི་ཞི་གནས་སྒྲུབ་ཚུལ་སྐོར་ལ་བཀའ་སློབ་སྩལ། དེ་ནས་ཝེ་ཏི་ནམ་ཚོང་དོན་སྒྲིག་འཛུགས་ཀྱི་འགན་འཛིན་རྣམས་ཀྱིས་༸གོང་ས་མཆོག་ལ་བློ་སྦྱོང་ཚིག་བརྒྱད་མའི་ཤོ་ལོ་ཀ་ལྔ་པ་དང་དྲུག་པ་སོགས་ཀྱི་གོ་དོན་སྐོར་བཀའ་འདྲི་ཞུས་པ་དང་། ༸གོང་ས་མཆོག་གིས་ཝེ་ཏི་ནམ་ནང་དུ་རང་ཤི་རྒྱག་མཁན་དང་ལྐོག་ཟ་རུལ་སུངས་བྱེད་མཁན། དེ་བཞིན་དབུལ་ཕྱུག་གི་ཧེ་བག་ཆེན་པོ་ཡོད་མེད་བཅས་བཀའ་རྩད་མཛད་པར་མཇལ་བཅར་བ་རྣམས་ཀྱིས་ལན་དུ། སྤྱིར་ཝི་ཏི་ནམ་ཡུལ་ནང་རང་ཤི་རྒྱག་མཁན་གྲངས་ཉུང་ཉུང་ཡིན་ཡང་ལྐོག་ཟ་རུལ་སུངས་དང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་རང་ཤི་རྒྱག་མཁན་ཕྲན་བུ་ཡོད་པ་དེ་དག་མང་ཆེ་བ་རྒྱལ་སའི་ནང་ཡོང་བཞིན་ཡོད་སྐོར་ལན་འདེབས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་ཀྱི་རྒྱལ་ས་དང་གྲོང་གསེབ་དེ་དག་ནང་ཞིབ་འཇུག་བྱེད་སྐབས་རྒྱལ་སའི་ནང་རང་ཤི་རྒྱག་མཁན་མང་བ་ཡོད་འདུག དེ་གྲས་ཕལ་ཆེ་བ་གྲོགས་མེད་ཁེར་རྐྱང་དུ་ལུས་པའམ་གཞན་གྱིས་ཟུར་འབུད་བྱས་སྟབས་སེམས་ངལ་གྱི་དབང་གིས་ཡོང་བཞིན་པ་དང་། གྲོང་གསེབ་ཁུལ་དུ་རང་ཤི་རྒྱག་མཁན་དེ་ཙམ་མི་ཡོང་བའི་རྒྱུ་མཚན་ནི་སྤྱི་ཚོགས་ཀྱི་རྒྱབ་བརྟེན་ཡོད་པ་སོགས་ལ་བརྟེན་ནས་ཡིན་སྐོར་བཀའ་སྩལ་བ་དང་སྦྲགས་མུ་མཐུད་ནས་བཀའ་ལན་སྩལ་དོན།
དཀའ་ངལ་དེར་བྱམས་བརྩེའི་ཉམས་ལེན་གྱིས་ཏན་ཏན་ཕན་ཐོགས་བྱེད་ཐུབ། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་སྟབས་མཛའ་བརྩེའི་འདུ་ཤེས་འདི་ཧ་ཅང་གལ་ཆེན་པོ་ཡིན། མཛའ་གྲོགས་ཀྱི་འདུ་ཤེས་འདི་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་ཡོང་བཞིན་ཡོད།
དེ་ནི་རང་གིས་གཞན་ལ་ཇི་ཙམ་གུས་བཀུར་དང་གཞན་གྱི་བདེ་སྡུག་ལ་ཇི་ཙམ་བསམ་ཤེས་བྱས་པ་དེ་ཚོད་ཀྱི་གཞན་གྱིས་རང་ལ་ཡིད་ཆེས་བྱེད་ཀྱི་རེད། དེང་སྐབས་བྱམས་བརྩེའི་རིན་ཐངས་སྐོར་སློབ་གསོ་རྒྱག་རྒྱུ་ས་གནས་ཚང་མར་དགོས་མཁོ་ལྡན་པ་ཞིག་ཆགས་ཡོད། ཅེས་བཀའ་ལན་སྩལ།