༢༠༡༥ ཟླ་ ༥ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༧ ཉིན་རྡ་ས་མེག་གྷན་བོད་ཁྱིམ་ཉིན་སློབ་ཀྱི་ཚོགས་ཁང་ནང་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ནང་མི་རྣམས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༠ འཁོར་བའི་དུས་ཚིགས་སྲུང་བརྩི་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་རིམ་དབུ་འཛུགས་ཞུས་པ་དང་སྐབས་དེར་མཛད་སྒོར་ཕེབས་པའི་སྐུ་མགྲོན་དང་གསུང་བཤད་གནང་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་བཅས་དང་། གཞན་ཡང་མཛད་སྒོར་མཉམ་ཞུགས་གནང་བའི་རྡ་སྟེང་བོད་ཁྱིམ་འཛིན་རིམ་བཅུ་གཉིས་པའི་སློབ་མ་ཁག་དང་། བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ། རྡ་ས་ཁུལ་གྱི་གནས་སྡོད་བོད་མི། ཕྱི་རྒྱལ་བ་ཁག་གཅིག་བཅས་ཁྱོན་མི་གྲངས་བརྒྱ་ལས་བརྒལ་བ་ཞིག་འདུ་འཛོམས་གནང་ཡོད། མཛད་སྒོའི་ཐོག་མར་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་འཚམས་འདྲི་དང་ངོ་སྤྲོད་གྲུབ་མཚམས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དུས་ཚིགས་དེའི་ཐོག་ཕྱི་དྲིལ་ལས་ཁུངས་ཀྱིས་དབྱིན་བོད་གཉིས་ཀྱི་ནང་སྤེལ་བའི་བསྒྲགས་གཏམ་སྒྲོགས་སྦྱང་གནང་། དེ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུང་དོན། ངས་བཤད་རྒྱུའི་བརྗོད་གཞི་གཙོ་བོ་དེ་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐོར་ལ་ཡིན། ང་རང་གི་ངོས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་ཐོག་དེའི་རིང་མཛད་འཕྲིན་ཆེན་པོ་གསུམ་མཐོང་གི་འདུག མཛད་པ་འཕྲིན་ལས་གཞན་རྣམས་ནི་ང་ཚོས་མ་ཤེས་སྟབས་ངར་ཞུ་ཡག་མེད།
གཙོ་བོ་ཕྱི་ལོ་ ༡༩༦༢ ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་ཡིག་འབྲུ་ཁྲི་བདུན། ཞེས་པའི་ཞུ་འབུལ་ཡི་གེ་ཞིག་རྒྱ་ནག་ལ་སྤྲད་དེ་སྐབས་དེར་མའོ་རྩེ་ཏུང་གིས་གཙོས་རྒྱ་ནག་གི་འགོ་ཁྲིད་ཚོར་དགོངས་འཆར་དེ་ཕུལ་ཡོད། དེའི་གནད་འགག་དེ་གང་རེད་ཞུ་ན། གལ་ཏེ་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དགོངས་ཆར་དེར་ངོས་ལེན་བྱས་ནས་བོད་ནང་འགྱུར་བཅོས་བཏང་ཡོད་ན། དེ་རིང་ཁ་སང་ང་ཚོའི་གཉན་ཕྲང་ཅན་གྱི་གནས་སྟངས་དེའི་ནང་ལྷུང་དགོས་དོན་མེད་བསམས་ཀྱི་འདུག
ཕྱི་ལོ་ ༡༩༨༩ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༠ མཆོག་དགོངས་པ་མ་རྫོགས་པའི་གོང་ག་རེ་གསུངས་ཡོད་ཞུས་ན། བོད་དེ་རྒྱ་ནག་འོག་གནས་པའི་རྐྱེན་བྱས་ནས་བོད་ལ་གྱོང་མ་གཏོགས་ཁེ་སང་བྱུང་མི་འདུག་ཅེས་གསུངས་ཡོད། དེ་ནི་པཎ་ཆེན་རིན་པོ་ཆེས་ལམ་སྟོན་གནང་བའི་རྗེས་བྱས་ཆེན་པོ་ཞིག་རེད་བསམས་ཀྱི་འདུག མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་ཕྱི་ལོ་ ༡༩༨༠ ལོར་རིས་མེད་ཀྱི་དགོན་པ་ཞིག་བཞེངས་རྒྱུའི་ལམ་སྟོན་པཎ་ཆེན་རིན་པོ་ཆེར་ཞུ་སྐབས་ཁོང་གིས་གསུང་དོན། དགོན་པ་ཞེས་མ་ལབ། དེ་ལས་རི་ཁྲོད་ཅེས་མིང་བཏགས་ནས་བཙུགས་པ་ཡིན་ན་དགོན་པ་གསར་དུ་རྒྱག་རྒྱུར་བཀའ་ཁྲོལ་རག་གི་རེད་ཅེས་གསུངས་ཡོད། དེའི་ནང་དེང་སྐབས་བོད་རིགས་ཙམ་མ་ཟད་རྒྱ་རིགས་མང་པོ་ཞིག་ཀྱང་སློབ་སྦྱོང་བྱ་རྒྱུའི་གནས་ས་ཞིག་ཆགས་ཐུབ་པ་བྱུང་ཡོད་ལ་བོད་པ་རང་གིས་ནང་པའི་ཆོས་དེ་བསྐྱར་གསོ་བྱེད་ཐུབ་པ་དེ་ཚོ་ཁོང་གིས་མཛད་འཕྲིན་རླབས་པོ་ཆེ་ཞིག་ཀྱང་ཆགས་ཡོད་ཅེས་དང་།
དེ་ནས་ན་ནིང་ཁོང་རང་གིས་དབྱིན་ཡིག་ནང་བརྩམས་གནང་བའི་པཎ་ཆེན་རིན་པོ་ཆེའི་སྐོར་གྱི་རྩོམ་ཡིག་དེ་སྒྲོགས་སྦྱང་གནང་བའི་ནང་། རྒྱ་ནག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཐོག་ཐེ་གཏོགས་བྱ་རྒྱུའི་སྲིད་བྱུས་དེ་ནི་བོད་ཀྱི་ནང་དུ་ནང་པའི་ཆོས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་། བོད་ཀྱི་བླ་ཆེན་ཚོས་རླབས་ཆེན་གྱི་བྱ་བ་ཆེན་པོ་བསྒྲུབས་ཀྱི་ཡོད་པ་བཅས་ལ་བརྟེན་ནས་བྱུང་བ་ཞིག་དང་། དེ་མཚུངས་མ་འོངས་པར་རྒྱལ་བའི་ཡང་སྲིད་སྐོར་ལའང་ཐེ་གཏོགས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་སྐོར་དང་། པཎ་ཆེན་སྐུ་ཕྲེང་བཅུ་པས་བོད་ནང་མཛད་རྗེས་རླབས་པོ་ཆེ་གནང་ཡོད་པ་སོགས་ཀྱི་སྐོར་སོགས་རྒྱས་པར་གསུངས།
དེ་རྗེས་དཔལ་ལྡན་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དུས་ཚིགས་དང་འབྲེལ་བའི་གསུང་བཤད་གནང་དོན། གནད་དོན་འདིས་ག་རེ་བསྟན་གྱི་ཡོད་རེད་ཞུས་ན་རྒྱ་ནག་འགོ་ཁྲིད་ཚོས་བོད་ཀྱི་དཀའ་རྙོག་དེ་སེལ་འདོད་མེད་པའི་མཁྲེགས་བཟུང་ཅན་གྱི་བསམ་བློ་དེ་མཚོན་གྱི་ཡོད། དེ་རིང་འདིར་སློབ་ཕྲུག་མང་པོ་ཞིག་ཡོད་ཙང་གནད་དོན་ཁ་ཤས་ཤིག་གི་སྐོར་ལ་ཞུས་ན། པཎ་ཆེན་སྐུ་ཕྲེང་བཅུ་པ་ལྟ་བུ་ཡིན་ན་བོད་མི་རིགས་ཀྱི་ཆེས་དཔའ་བོ་ངོ་མ་ཞིག་ཆགས་ཡོད། གནས་སྟངས་ཆེས་དཀའ་ངལ་ཆེ་བའི་སྐབས་སྐུ་ངལ་ཆེན་པོ་སྐྱོན་མཁན་ཞིག་རེད། པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་སོང་བ་ཞེས་པ་འདི་མི་བརླག་སྟོར་ཤོར་བ་ཞིག་ལ་བརྩིས་ཀྱི་མ་རེད། གཞུང་རང་གིས་སྲིད་བྱུས་ཤིག་གི་ཐོག་ནས་བཙན་ཁྲིད་བྱས་པའི་ཐོག་ནས་གར་སོང་ཆ་མེད་དུ་གྱུར་བ་ཞིག་ལ་གར་སོང་ཆ་མེད་ཞེས་ངོས་འཛིན་བྱ་དགོས་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་འཚོལ་ཞིབ་དང་འབྲེལ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དང་འབྲེལ་བ་གནང་རྒྱུ་དང་། ཐུན་མོང་ཐོག་ནས་དེ་ལ་འབད་བརྩོན་གནང་བ་དེ་བྱུང་རིམ་ཐོག་ནས་གསལ་ཡོད། ༸གོང་ས་མཆོག་གིས་ཀྱང་རྒྱ་གར་ནང་ཡོད་པའི་རྒྱ་ནག་གཞུང་གི་གཞུང་ཚབ་བརྒྱུད་ནས་བཀའ་ལན་གནང་བ་དེས་ག་རེ་བསྟན་གྱི་ཡོད་རེད་ཞུས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་ནས་པཎ་ཆེན་རིན་པོ་ཆེ་ཡང་སྲིད་འཚོལ་བསྒྲུབ་བྱ་རྒྱུ་དེ་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་པ་དང་། ཆོས་ཕྱོགས་བྱ་བ་དེའི་ཐོག་ནས་ལུགས་མཐུན་འགྲོ་ཐུབ་རྒྱུ། དེའི་ཐོག་ནས་ངོས་ལེན་ཡོང་ཐུབ་པའི་པཎ་ཆེན་གཅིག་བྱུང་ན་ཞེས་དགོངས་བཞེས་དེའི་ཐོག་ནས་མཛད་གནང་ཞུས་པ་ཞིག་ཡིན་པ་གསལ་པོ་རེད། ཡིན་ནའང་རྒྱ་ཕྱོགས་ནས་དེའི་ཐོག་ནས་ཡ་ལན་མ་བྱུང་བར་བརྟེན། ཕྱི་ལོ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་གི་ཡང་སྲིད་དུ་ངོས་འཛིན་མཛད་ཡོད། དེ་ནས་ཉིན་མ་གསུམ་གྱི་རྗེས་ཁོང་དང་ཁོང་གི་ནང་མི་རྣམས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཡོད།
ཉིན་དེ་ནས་བཟུང་ད་བར་ཁོང་གང་དུ་ཡོད་མེད་དང་། ཁོང་གི་གནས་སྟངས་ཇི་ཡོད། བསླབ་པ་སློབ་གཉེར་གང་འདྲ་ཡོད་མེད་སོགས་ཀྱི་སྐོར་ལ་མ་ཤེས་པའི་གནས་སྟངས་ཤིག་གི་འོག་ལ་ལྷག་ཡོད། ད་ལྟ་ཡང་སྲིད་རིན་པོ་ཆེ་བཀག་ཉར་བྱས་ཏེ་གར་སོང་ཆ་མེད་དུ་ཕྱིན་དུས། སྐུ་ཕྲེང་བཅུ་པའི་མཛད་རྗེས་རྣམས་མཇུག་སྐྱོང་ཐུབ་ཀྱི་མེད་པ་དེར། ང་ཚོའི་ངོས་ནས་སེམས་ཁྲལ་ཆེན་པོ་བྱེད་དགོས་པ་ཞིག་དང་། ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན། ཁོང་ནང་པའི་བླ་མ་ཞིག་ཡིན་པའི་ཆ་ནས་དབང་ལུང་མན་ངག་མང་པོ་གསན་དགོས་པ་དང་། ཆོས་ཀྱི་བསླབ་པ་སློབ་གཉེར་མང་པོ་གནང་སྟེ། མ་འོངས་པར་མི་མང་ལ་དབང་ལུང་མན་ངག་གསུང་ཐུབ་པའི་ཆོས་ཆེད་གཉེར་གྱི་གནས་ཚད་ལྡན་པ་ཞིག་ཆགས་དགོས་ཀྱི་ཡོད་ཀྱང་། ཁོང་བཀག་ཉར་འོག་ཡོད་སྟབས། གལ་སྲིད་ཁོང་གློད་བཀྲོལ་ལ་ཡོང་བའི་ཉི་མ་ཞིག་འཆར་བ་ཡིན་ནའང་། ནང་ཆོས་ཀྱི་གོ་བ་རྩ་བ་ཉིད་ནས་མེད་ཅིང་། བོད་ཀྱི་སྐད་ཡིག་རྩ་བ་ནས་མི་ཤེས་མཁན་ཞིག་བཟོ་བའི་ཐབས་ཤེས་བྱེད་བཞིན་པ་བཤད་མ་དགོས་པ་རེད། ད་ལྟ་ང་ཚོས་ཁོང་སྐུ་འཚོ་བཞུགས་ཡིན་མིན་ཀྱང་ཤེས་ཀྱི་མེད། གལ་སྲིད་ཁོང་སྐུ་འཚོ་བཞུགས་མིན་ན། མ་འོངས་པའི་པཎ་ཆེན་རིམ་པ་ངོས་འཛིན་བྱེད་སྟངས་ཐོག་དོ་ཕོག་ཤུགས་ཆེན་པོ་ཞེ་དྲགས་ཤིག་གཏོང་བཞིན་ཡོད་པ་རེད་ཅེས་དང་།
དེ་བཞིན་ཚོགས་གཙོ་མཆོག་གིས་མ་འོངས་པར་རྒྱ་ནག་ལ་འགྱུར་བ་གཏན་གཏན་འགྲོ་རྒྱུ་ཡིན་པས། སྐབས་དེར་པཎ་ཆེན་རིན་པོ་ཆེའི་གནས་ཚུལ་ཡང་རང་བཞིན་གྱིས་གསལ་པོ་ཆགས་སྲིད་སྐོར་གསུང་དོན། ད་ལྟའི་དམར་ཤོག་གི་གཞུང་དེ་མུ་མཐུད་གནས་ཀྱི་རེད་ཅེས་རྩ་བ་ནས་བཤད་ཐུབ་ཀྱི་མ་རེད། རྒྱལ་ཁབ་ག་འདྲ་ཞིག་ཡིན་ནའང་དབང་སྒྱུར་ཆེན་པོ་ཡོད་པའི་དུས་དང་ཉམས་ཆག་འགྲོ་བའི་དུས་ཡོད་པ་རེད། ད་ལྟ་རྒྱ་ནག་གཞུང་དབང་སྒྱུར་ཆེན་པོ་ཡོད་པའི་དུས་སྐབས་ཤིག་ཡིན་ཡང་ཉམས་ཆག་འགྲོ་བའི་དུས་ཤིག་གཏན་གཏན་ཡོད་ངེས་རེད། ཁོ་ཚོ་མི་རིགས་གཞན་ལ་ཡིད་ཆེས་མེད་ལ། སོ་སོའི་མི་མང་ལའང་ཡིད་ཆེས་ཡོད་པ་མ་རེད། འཛམ་གླིང་ཐོག་ཕྱིའི་སྲུང་སྐྱོབ་ལས་ནང་གི་སྲུང་སྐྱོབ་ལ་འགྲོ་སོང་ཆེ་བ་གཏོང་མཁན་རྒྱ་ནག་མ་གཏོགས་ཕལ་ཆེར་ཡོད་རྒྱུ་མ་རེད།
དེ་འདྲ་ཡིན་དུས་སོ་སོའི་མི་ལའང་ཡིད་ཆེས་བྱེད་ཀྱི་མེད། སོ་སོའི་མི་ལ་ཡིད་ཆེས་མེད་པའི་གནས་སྟངས་འོག་གཞུང་སྲ་བརྟན་ཡོང་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་སྟབས། རྒྱ་ནག་ལ་གཏན་གཏན་འགྱུར་བ་འགྲོ་ངེས་རེད་ལ། འགྱུར་བ་འགྲོ་བའི་ཉིན་མོ་དེར་པཎ་ཆེན་རིན་པོ་ཆེའི་གནས་སྟངས་དེ་རང་བཞིན་གྱིས་གསལ་པོ་ཆགས་རྒྱུ་རེད་བསམ་གྱི་འདུག དེ་རིང་བརྒྱུད་ལམ་དེའི་ཐོག་བོད་ནང་ཡོད་པའི་བོད་མི་ཚོར་ཞུ་རྒྱུར། རྩ་བའི་བོད་ནང་གི་བོད་མི་ཚོར་གོ་རྟོགས་གང་ལ་གང་ཙམ་ཡོད་པ་དང་ལྷག་བསམ་ནི་རི་ལྟ་བུ་ཞིག་ཡོད་སྟབས་། ང་ཚོས་ཕར་ལ་ཞུ་རྒྱུའི་གནས་སྟངས་ཆགས་ཀྱི་མ་རེད། འོན་ཀྱང་ད་ལྟའི་རྒྱ་ནག་གིས་སྤེལ་བའི་རྒྱབ་ཤ་དཀར་པོ་དེའི་ནང་བོད་ཀྱི་ལོ་རྒྱུས་དང་། དབུ་མའི་ལམ། དེ་བཞིན་བོད་མི་འི་སྒྲིག་འཛུགས་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་འཁྱོག་བཤད་བྱས་པ་དེ་དག་ཆ་ཚང་བ་དེ་བདེན་པ་ཆགས་ཀྱི་མེད་། དེར་བརྟེན་བོད་མི་ཚོ་རྒྱ་ནག་གིས་མགོ་སྐོར་བསླུ་ཁྲིད་འོག་མ་ཚུད་པ་གནང་རོགས་ཞུ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ནའང་དེའི་ནང་མ་ཚུད་པ་ཞིག་གནང་རོགས་གནང་ཞུ་རྒྱུ་ཡིན་ཞེས་གསུངས།
དེ་རྗེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱལ་སྤྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་སྐོར་གསུང་བཤད་གནང་དོན ངས་བཤད་རྒྱུའི་བརྗོད་གཞི་གཙོ་བོ་འདི་པཎ་ཆེན་སྐུ་པྲེང་བཅུ་གཅིག་པ་གར་སོང་ཆ་མེད་དུ་སོང་ནས་ལོ་ ༢༠ འཁོར་བ་དང་། རྒྱལ་སྤྱི་དང་རྒྱ་ནག་གི་ཁྲིམས་ཐོག་ནས་མི་མཐུན་པའི་འགལ་བ་གང་འདྲ་ཡོད་མེད་སྐོར་ཞུ་རྒྱུ་ཡིན། པཎ་ཆེན་རིན་པོ་ཆེའི་ཐོག་ལ་རྒྱལ་སྤྱིའི་ངོས་ནས་གནས་སྟངས་འདྲ་མིན་ཐོག་དྲི་བ་མང་པོ་རྒྱ་ནག་ལ་བཏོན་ཡོད་ནའང་། ལོ་ཉི་ཤུ་རིང་རྒྱལ་སྤྱིའི་ཚོགས་པ་ཁག་དང་གཞུང་ཚབ་སོགས་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་དྲི་བ་གང་འདྲ་ཞིག་ལའང་ཁ་གསལ་མེད་པའི་ལན་འདེབས་གཅིག་བཤད་ཀྱི་ཡོད་པ་ནི། པཎ་ཆེན་རིན་པོ་ཆེ་སྐུ་གཟུགས་བདེ་ཐང་ངང་སློབ་སྦྱོང་གནང་གི་ཡོད་པ་སོགས་ཀྱི་འབྲེལ་བརྗོད་ཅིག་ལས་གཞན་གང་ཡང་ལན་འདེབས་བྱེད་ཀྱི་མེད། འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་དོ་སྣང་བྱ་དགོས་པ་ཞིག་ལ། རྒྱ་ནག་གཞུང་གིས་བཤད་བསྡད་པའི་སྐད་ཆ་གཅིག་གང་རེད་ཞུ་ན། པཎ་ཆེན་རིན་པོ་ཆེ་བྱིས་པ་དཀྱུས་མ་ཞིག་ཡིན་པའི་ཆ་ནས་ཁོང་རང་ལ་ང་ཚོས་སྲུང་སྐྱོབ་བྱེད་རྒྱུའི་ཆེད་དུ་ང་ཚོས་བཀག་ཉར་བྱས་ཀྱི་ཡོད་ཅེས་བཤད་ཀྱི་ཡོད། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་ཞིག་ངོས་ནས་དྲི་བ་ཞིག་ག་རེ་ཡོང་གི་ཡོད་རེད་ཞུ་ན། རྒྱ་ནག་རྩ་ཁྲིམས་དོན་ཚན་ ༣༤ ནང་ག་རེ་བཤད་ཡོད་ཞུ་ན། མི་ལོ་བཅོ་བརྒྱད་བརྒལ་བ་ན་སོ་སོའི་འདུན་ལམ་དང་འདོད་མོས་བཞིན་བྱ་ཆོག་པའི་ཁྲིམས་ཐོག་ནས་རང་དབང་གི་ཐོབ་ཐང་ཡོད་པ་འཁོད་ཡོད།
དྲི་བ་གཉིས་པ་དེ་ལོ་ཉི་ཆུའི་རིང་བྱིས་པ་དཀྱུས་མ་དེ་ཉིད་སྦས་གསང་ཆེན་པོས་བཀག་ཉར་བྱ་དགོས་དོན་གང་རེད་ཅེས་ང་ཚོས་ཞུ་བཞིན་པ་རེད། དེའི་ཐོག་ལ་རྒྱ་ནག་གཞུང་གིས་གཡོ་སྒྱུའི་སྐད་ཆ་མང་པོ་ཞིག་བཤད་ཡོད། ཡིན་ནའང་། ཕྱི་ལོ་ ༢༠༠༥ ལོར་གར་སོང་ཆ་མེད་དུ་སོང་ནས་ལོ་བཅུ་འཁོར་བའི་སྐབས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཀྱིས་སྙན་ཐོའི་ནང་གསལ་པོར་འཁོད་པ་ཞིག་ནི། པཎ་ཆེན་རིན་པོ་ཆེ་མཆོག་ལོ་བཅུའི་རིང་གར་སོང་ཆ་མེད་དུ་སོང་ནས་རྒྱ་ནག་གཞུང་གིས་སྦས་གསང་ཆེན་པོ་བྱས་པ་དེ་བོད་མི་ཚོའི་ཆོས་དད་རང་དབང་རྡོག་རོལ་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་ཡོད། ཡང་སྙན་ཐོ་དེའི་ནང་གསལ་པོར་འཁོད་པ་གཅིག་ནི། ཆོས་ལུགས་གང་འདྲ་ཞིག་ཡིན་རུང་དེའི་འགོ་ཁྲིད་དང་དཔེ་ཁྲིད་ཀྱི་དགེ་རྒན་གང་ཡིན་རུང་དེ་དག་སོ་སོའི་ཆོས་ལུགས་ཀྱིས་ངོས་ནས་བསྐོ་བཞག་བྱ་རྒྱུར་ཐོབ་ཐང་དང་རང་དབང་ཡོད་ཅེས་བཤད་ཡོད། སྙན་ཐོ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་བསྒྲགས་ཞེས་པའི་ཡིག་ཆ་དེ་ལ་གཞི་བཅོལ་ནས་བཤད་པ་ཞིག་ཡིན། སྤྱིར་བཏང་སྤྱི་བསྒྲགས་ཡིག་ཆ་དེ་བསྒྲགས་གཏམ་ཞིག་ལ་ངོས་འཛིན་ཡོད་རེད་དེ་ཡིན་ནའང་དེའི་ནང་ཁྲིམས་ཀྱི་ནུས་ཤུགས་དེའི་ནང་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཕྱི་ལོ་ ༢༠༡༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ནང་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་སོང་བའི་ཚོགས་ཆུང་ཞིག་བཙུགས་ཡོད། ཚོགས་ཆུང་དེའི་སྙན་ཐོའི་ནང་གསལ་པོར་འཁོད་པ་ནི། ལོ་མང་པོ་དེའི་རིང་རྒྱ་ནག་གཞུང་གིས་སྦས་གསང་བྱ་དགོས་དོན་གང་ཡིན་པ་དེ། རྒྱ་ནག་གཞུང་གི་ངོས་ནས་པཎ་ཆེན་རིན་པོ་ཆེ་ཡབ་ཡུམ་དང་བཅས་པ་གཟིམས་ཁང་ནས་འཛིན་བཟུང་བྱས་པ་དང་། ད་ལྟ་ཁོང་རང་བཀག་ཉར་འོག་ཡོད་པ་སོགས་ཀྱི་གནད་དོན་དེ་དག་ཐོག་ངོས་ལེན་བྱས་ཡོད། ཡིན་ནའང། ད་ལྟ་གང་དུ་ཡོད་མེད་དང་། གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་ཐོག་གསལ་པོར་འཁོད་མེད། དེ་འདྲ་སོང་ཙང་ཚོགས་ཆུང་དེས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་དེ་གར་སོང་ཆ་མེད་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཁ་གསལ་གྱི་གསལ་བསྒྲགས་སྤེལ་ཡོད། དེ་བཞིན་མནར་གཅོད་ཚན་པ་དང་ཆོས་དད་རང་དབང་ཚན་པ་བཅས་མཉམ་རུབ་ཐོག་ནས་ཚོགས་ཆུང་ཡོད་པ་དེ་དག་གིས་གསལ་བསྒྲགས་ཤུགས་ཆེ་སྤེལ་ཡོད་ནའང། རྒྱ་ནག་གཞུང་ངོས་ནས་ཡ་ལན་གསལ་པོ་ཞིག་རྩ་ནས་སྤྲད་མེད། གར་སོང་ཆ་མེད་ཞེས་པ་དེ་རང་དབང་དང་ཐོབ་ཐང་མང་པོ་ཞིག་རྡོག་རོལ་དུ་བཏང་བར་ཁྲིམས་ཐོག་ནས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་སོགས་གསུངས། མཇུག་ཏུ་ཁོང་གིས་གསུང་དོན། ད་ལྟའི་རྒྱ་ནག་གཞུང་གིས་ལས་དོན་བྱེད་ཕྱོགས་དེ་དག་ཁྲིམས་དང་མ་མཐུན་པ་ཞིག་ཡིན་པ་བཤད་མ་དགོས་པ་རེད་བསམས་ཀྱི་འདུག ། ང་ཚོ་འགྲོ་བ་མི་འི་ཐོབ་ཐང་ངོས་ནས་ལོ་ལྟར་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བ་བྱས་པ་དང་། ཞུ་སྙན་འབུལ་བ་སོགས་རིམ་པ་བཞིན་ཏུ་བྱས་ཀྱི་ཡོད། རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུ་དེ་བོད་ནང་བརྟན་ལྷིང་དང་བདེ་འཇགས་གལ་ཆེན་པོར་བརྩིས་ཀྱི་ཡོད་པ་བཞིན་བོད་མིཚོའི་མངོན་འདོད་དང་། ལྷག་པར་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས། མཛད་སྒོའི་མཐར་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་དང་བཅས་ཏེ་གསུང་བཤད་ལས་རིམ་མཇུག་སྒྲིལ་བསྟུན། བར་གསེང་སྐར་མ་བཅུའི་རྗེས་Tibet stolen child ཞེས་པའི་གློག་བརྙན་ཞིག་མང་ཚོགས་ལ་སྟོན་པ་དང་། ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ནང་རང་ལུས་མེར་སྲེག་སྐོར་པར་རིགས་འགྲེམས་སྟོན་གནང་བ་བཅས། །